R206: རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམ་བ་རའི་དགའ་ཚལ།

  • Pagination (Witness A): ༩༩
[A:༩༩]འགྲན་ཟླ་མེད། །ཁྲོ་ཐུང་འཕྲུལ་དང་བཀྲ་ལག་འགྲན་ཟླ་མེད། །འགྲན་མེད་མི་ཕོ་གསུམ་གྱི་བཀྲ་ཤིས་ཤོག །རྒྱ་བཟས་རྒྱ་ཡི་རྟེན་མཆོག་ཐབས་ཀྱིས་དྲངས། །བལ་བཟས་བལ་པོའི་མཆོད་སྡོང་བརྫོངས་སུ་ཐོབ། །འབྲུག་མོས་འབྲུག་ལྟར་གྲགས་པའི་གཏམ་རྒྱུད་བཞག །ཡ་མཚན་བུད་མེད་གསུམ་གྱི་བཀྲ་ཤིས་ཤོག །ཅེས་པ་འཕྲལ་དུ་འདྲི་བར་མཛད་ནས་དེ་ཀའི་ཁྱིམ་དུ་བླན། དེ་རྗེས་ཕྱོགས་དེའི་གར་བྱོན་སར་བཀྲ་ཤིས་ཀྱི་ཚིགས་བཅད་ངོ་མཚར་བ་མང་དུ་མཛད། ཁོ་བོའི་སྒྲུབ་ཁང་སོགས་ལའང་བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རྒྱལ་སྲིད་དང་སྦྱར་བ་སོགས་མང་དུ་གནང་བ་རྣམས་ཀྱང་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཞིག་ཡོད་པར་མངོན། ཡང་ཕྱོགས་དེའི་སྦྱིན་བདག་ནི་ས་མདའ་ཚང་ལ་བཞུགས་པའི་མནལ་ལམ་དུ། ཀླ་ཀློའི་ཞགས་པ་བྱུང་ཟེར་མ་ཐག་ཏུ་དྲུ་གུ་འདྲ་བ་ཞིག་ཧྲིལ་གྱིས་བྱུང་ནས་སྐུ་ལུས་དཀྲིས་ཏེ་ནམ་མཁར་ཁྱེར་སོང་བས་ཅུང་ཟད་ཐུགས་ཞད་པའི་རྣམ་པ་བྱུང་མ་ཐག །མགོན་པོ་ཕྱག་བཞི་པ་བྱུང་ནས་གྲི་གུག་གིས་བཅད་སོང་བས་ས་ཐོག་ཏུ་རྡོ་རྗེ་ལེགས་པ་འདུག་པས་སྐུ་ལུས་པང་དུ་བཏེགས་ནས། ཧེ་ཧེ། མགོ་མཐོ་ས་ལ་བཏགས། རྐེ་ཕྲ་ས་ནས་ཆད་ཟེར་དཔེས། བྱད་ཐག་མགོན་པོས་བཅད་པ་བཟང་སྟེ་ང་མེད་ན་ས་ཐོག་ཏུུ་འོ་བརྒྱལ་བྱས་ཨང་སོང་ཟེར་བ་དང་མནལ་སད། འདི་སྐོར་དུ་གར་ཕེབས་ཀྱི་རི་རྣམས་ཟང་ཐལ་དུ་གཟིགས་ཤིང་གནས་རི་རྣམས་ལ་རྩ་གསུམ་ལྷ་ཚོགས་ཅི་གནས། གཏེར་ཁ་དུ་ཡོད་ཐམས་ཅད་སྒྲིབ་མེད་དུ་གཟིགས་པ་ཞིག་བྱུང་འདུག །འོག་གསང་རྣམ་དུའང་ཁྱུགས་ཙམ་སྨོས་པ་ལྟར། ཁྱད་པར་དཔལ་འབྱོར་སྒང་དུ་བཞུགས་པའི་ནུབ་གཅིག་སྟོད་འབྲས་མོ་ལྗོངས། བར་པདྨ་བཀོད། སྨད་གཡུ་ལུང་གངས་ར་ཡན་