[A:༢༣༩]མའི་རྣམ་ཐར་བརྗོད་ལ་བློ་གྲོས་སྤོབས་པ་ཐུགས་རྗེའི་ཀློང་ནས་སྩོལ། །སྔོན་ཚེ་རྣམ་འདྲེན་བགྲང་དུ་མི་སྤྱོད་པས། །སྲིད་པའི་ནད་ལ་ཕན་ཚུལ་ཅི་བསྟན་ཀྱང༌། །གསོ་བའི་སྤྱོད་ཡུལ་མ་གྱུར་བདག་འདྲ་ལ། །འདྲེན་མཆོག་སྨན་པའི་རྒྱལ་པོ་འདི་ཉིད་བྱོན། །བརྒྱ་ལམ་ལན་ཅིག་ཙམ་ཡང་ཐོས་དཀའ་བའི། །གསང་ཆེན་གསང་བ་ཟབ་མོའི་ཆོས་སྐལ་བཀྱེས། །རྡོ་རྗེའི་རིགས་སུ་བསྐྲུན་པའི་བཀའ་དྲིན་འདི། །སྟོང་གསུམ་ནོར་བུ་བཀང་ཡང་ག་ལ་འཁོར། །གང་ཕྱིར་རིན་ཆེན་གླིང་དུ་ཕྱིན་པའི་ཚེ། །རང་གི་འདོད་ནོར་ཙམ་ཞིག་དོན་གཉེར་ལྟར། །མི་ཟད་ཡོན་ཏན་རྒྱ་མཚོའི་གཏེར་མཛོད་ལས། །ཕྱོགས་རེའི་ཆ་ཙམ་བརྗོད་ལ་གནང་བ་སྩོལ། །དེ་ལ་འདིར་གླེང་བར་བྱ་བའི་གཞི་ནི། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་མྱ་ངན་མེད་པའི་མེ་ཏོག་ཁ་འབྱེད་པ་ལ། དཔལ་ལྡན་བླ་མ་དམ་པའི་ཐུགས་རྗེའི་འཛུམ་དཀར་དང་འགྲོགས་