[A:༢༤༠]པའི་བདུད་རྩིའི་ཞལ་ཆབ་ཁོ་ན་ལ་རག་ལས་ཤིང༌། དེའང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ཕྲིན་ལས་ལ་ངེས་པ་གཏིང་ནས་འདྲོངས་པའི་དད་པའི་མཚར་སྡུག་རྫོགས་པ་ཞིག་མེད་ན་མི་འབྱུང་བས་ཕུན་ཚོགས་ཐམས་ཅད་ཀྱི་རྩ་བ་དཀོན་མཆོག་བཞི་པའི་རྟོགས་པར་བརྗོད་པའོ། །གང་ཞིག་འཇིག་རྟེན་གྱི་ཁམས་འདིར་དམུས་ལོང་དམིགས་བུ་མེད་པ་དང་འདྲ་བ་རྨོངས་ཆེན་གྱི་མུན་ཁྲོད་ཟད་པ་མེད་པའི་ཀློང་དུ་འཕྱན་པའི་སྐབས་སུ་སྒྲོན་མེ་གཅིག་པུ་དཀོན་མཆོག་དང་པོ་ཐམས་ཅད་མཁྱེན་པའི་སྟོན་པ་བྱོན། དེས་ཐར་ལམ་གྱི་སྣང་བ་འབྱེད། དེའི་རྗེས་སུ་སློབ་པའི་མིག་ཐོབ་པ་མཐའ་ཡས་པ་མངའ་བས་དཀོན་མཆོག་གསུམ་དུ་གྱུར། དེ་ཐམས་ཅད་ཀྱི་ཕྲིན་ལས་མཛད་པ་པོ་མཚན་ཉིད་ཀུན་ལྡན་གྱི་བླ་མ་རྡོ་རྗེ་སློབ་དཔོན་ལགས་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཅེས་གསུངས་པའི་ཕྱིར། རྫོགས་པའི་སངས་རྒྱས་རྣམས་ཆོས་སྐུ་མཁའ་ལྟར་ཁྱབ་པའི་དབྱིངས་ལས། ལོངས་སྐུ་རིགས་ལྔའི་སྐུ་དང་ཡེ་ཤེས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིན་ཅན་སྒྱུ་འཕྲུལ་དྲྭ་བ་བསམ་ཡས་རྒྱུན་མི་འཆད་པར་མཁའ་དང་མཉམ་པ་ཉིད་རྣམ་པར་བཀོད་པ་དེ་དག་ཐམས་ཅད་ཀྱང༌། རིགས་ལྔ་གཅིག་ཏུ་འདུས་པ་རིགས་དྲུག་པ་རྡོ་རྗེ་སེམས་དཔའ་ཡིན་ཅིང༌། དེ་ཉིད་རྡོ་རྗེ་སློབ་དཔོན་ཆེན་པོའི་རྣམ་པར་སྣང་ནས་ས་སྟེང་གི་གདུལ་བྱ་རྣམས་ཀྱི་དོན་མཛད་པ་ལགས་ཏེ། རྒྱུད་ལས། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པ་ནི་མི་བྱ་སྟེ། །དེ་མཉེས་པས་ནི་ཀུན་མཁྱེན་