R212: རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན།

  • Pagination (Witness A): [-]
ཆོས་སྐྱོང་ཞལ་བཞི་པའི་ཕྲིན་བཅོལ་རྡོ་རྗེ་འཆང་དབང་མ་ལྗགས་རྩོམ་མཛད་པ་བཤད་གྲྭར་ཆག་མེད་གསུངས་པ་ནས་བར་ཆད་ཀྱི་རིགས་ཀུན་ཞི་ནས་འཆད་ཉན་ཤིན་ཏུ་འཕེལ་བར་གྱུར། སྐབས་འདིར་སྡེ་གཞུང་བླ་མ་ཆོས་འཕེལ་རིན་པོ་ཆེ་སོགས་ཁ་ཤས་ཀྱིས་ཆོས་སྐྱོང་ཞལ་གཟིགས་སྐབས་སུ་མཛད་པར་བཞེད། གང་ལྟར་དེང་སང་ས་ངོར་ཚར་གསུམ་གྱི་དགོན་ཁག་རྣམས་ནས་ཚད་མར་འཛིན་ཅིང་ཕྲིན་བཅོལ་འདི་ཉིད་རྒྱུན་དུ་གསུངས་ཤིང་དར་རྒྱས་ཆེ་བར་ཡོད། མ་ཟད་སྐུ་ན་ཆུང་ངུའི་དུས་ན་ཆོས་སྐྱོང་སྤྱི་དང༌། ཁྱད་པར་དཔལ་མགོན་ཞལ་བཞི་པ་འདི་ཉིད་ལུས་དང་གྲིབ་བཞིན་འབྲལ་མེད་དུ་འགྲོགས་ཏེ་དངོས་སུ་ཞལ་གཟིགས་ཡོད་པ་ཐེ་ཚོམ་མ་དགོས། ཡོངས་འཛིན་དང་ཞབས་འབྲིང་པ་གཞན་གྱིས་ཀྱང་སྐབས་རེ་ལ་དོན་མེད་དུ་ཞེད་སྣང་ཡོང་བ་དང༌། བྱིའུ་ཕྲུག་གཡེར་ཁའི་སྐད་ཐོས་པ་སོགས་ཆོས་སྐྱོང་འགོ་བའི་རྟགས་ཡིག་ནས་འབྱུང་བ་བཞིན་ངོ་མཚར་བའི་རྟགས་ཡང་ཡང་ཡོང་གི་ཡོད་པས་གང་ཟག་རབ་མ་བསྒྲུབས་ཀྱང་འགྲུབ་པའི་གང་ཟག་ཡིན་པ་ལ་ཐེ་ཚོམ་ཅུང་ཟད་ཀྱང་མ་དགོས་སོ། །ཡང་ཁམས་བྱེའི་བཤད་གྲྭར་ཕེབས་བཞུགས་སྐབས་བཤད་གྲྭའི་ལོགས་བྲིས་ནང་བེཀ་བརྩེའི་སྐུ་ཆུང་ངུ་ཞིག་ཡོད་པ་དེ་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་ཏེ་གྱང་ལོགས་ཆ་ཚང་ཁྱབ་པའི་གཟིགས་སྣང་ངོ་མཚར་ཅན་བྱུང་བ་དེ་སྐབས་བཀའ་བསྒོ་འཕྲིན་བསྐུལ་ནན་ཏུ་མཛད་པ་ལྟར། ཆོས་སྲུང་ཆེན་པོས་ཀྱང་ཆོས་གྲྭ་ཆེན་པོའི་ཕྲིན་ལས་ཚུལ་བཞིན་སྒྲུབ་པ་ཞལ་གྱིས་བཞེས་པ་བཞིན། རྒྱུན་དང་དུས་སུ་བེཀ་བརྩེའི་གསོལ་མཆོད་མཛད་དགོས་པའི་བཀའ་ཁྱབ་སྩལ་བ་ལྟར་ཕྱག་བཞེས་མཛད་བཞིན་དེ་ལྟར་ལགས་པ་དང༌། སྐབས་སྐབས་སུ་རྗེ་ཉིད་ཀྱི་ཞལ་སྔ་ནས། པདྨ་ཐང་དུ་ལོ་གསུམ་མཚམས་ལ་བསྡད། །ཞལ་ཟས་དྲིལ་ཁ་མ་ཞིག་མཐའ་རུ་འཁྱོལ། །གྲུབ་ཐོབ་ཟླ་ཚིག་པ་ལ་ཕྱག་འཚལ་ལོ། །དེ་ནི་ཟླ་བ་རེ་ལ་ཚིག་རེ་བློ་ལ་ཟིན་ཏེ་གྲུབ་པ་ཐོབ་པ་རེད་ཡང་ཡང་བཀའ་བསྩལ་བ་གུས་པའི་བློ་ལ་ངེས་པ་བྱུང་ཡང་ལུང་བསྟན་ལྟ་བུ་གང་ཡིན་རྨོངས་པས་མ་རྟོགས་སོ། །ཡང་ངེད་ཞབས་འབྲིང་པ་ཁ་ཤས་ཞིག་ལ། རྗེ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ང་སྤུ་གུ་ཆུང་ངུའི་དུས་ཁ་མང་པོ་ཞིག་ཡིན་པ་འདྲ། དགེ་རྒན་ཐུགས་གཏུམ་པ་ཞིག་ཡོད་པ་དེ་ལ། གུར་གྱི་མགོན་པོ་ས་གང་འདྲ་ཐོབ་ཅེས་བཀའ་འདྲི་ཞུས་པས་ས་བཅུ་ཐོབ་པ་རེད་གསུངས། དེ་བཞིན་དུ་སྤྱན་རས་གཟིགས་དང་འཇམ་པའི་དབྱངས་སོགས་ས་གང་ལ་བཞུགས་ཞུས་པས། སྐབས་རེ་དངོས་གནས་ཀྱི་ལན་མཛད། སྐབས་རེ་བཀའ་བསྐྱོན་གནང༌། ཡང་ཀྱེ་རྡོ་རྗེ་སོགས་ཡི་དམ་རྣམས་ས་བཅུ་གསུམ་ཐོབ་གསུངས། ང་རང་གི་བསམ་པར་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པ་བསྟན་པའི་བདག་པོ་ཡིན་པས་ས་སུམ་ཅུ་ཙམ་ཐོབ་ཡོད་ངེས་བསམ་པ་ཡོང་གི་ཡོད་ཀྱང་ད་ཆ་བསམ་དུས་སྤུ་གུའི་བསམ་པ་རང་རེད་གསུངས་པ་ཤིན་ཏུ་ངོ་མཚར་བའི་གསུང་ངོ༌། །སྡེ་གཞུང་མཆོག་སྤྲུལ་ཨ་འཇམ་རིན་པོ་ཆེས་རྗེ་འདིའི་མཚན་གསུང་བའི་དུས་ཐམས་ཅད་དུ་ཕྱག་ཐལ་མོ་སྤྱི་བོར་བཞག་སྟེ་གྲུབ་ཆེན་དམ་པ་རིན་པོ་ཆེ་ཞེས་བསྔགས་བརྗོད་ཆེན་པོ་མཛད། རྒྱུན་དུ་ཚུལ་ཁྲིམས་ཀྱི་དྲི་བསུང་གཟིམས་ཁང་གི་ཕྱི་ནང་ཀུན་ཏུ་ཁྱབ་པ་དང༌། ཕེབས་ཤུལ་དུའང་ཚུལ་ཁྲིམས་ཀྱི་དྲི་བསུང་ཡུན་རིང་ཚོར་བ་སོགས་དམ་པའི་རང་རྟགས་དུ་མ་མཐུན་སྣང་དུ་གྱུར་པ་དང༌། ཚེ་ཚད་ལུང་བསྟན་འཕྱུག་མེད་དུ་ཐིག་པ་སོགས་མངོན་མཁྱེན་ཐོགས་པ་མེད་པ་མངའ། སྔོན་གནས་རྗེས་དྲན་གྱི་ཡོན་ཏན་མངའ་བ་ཡང༌། ངོར་དགོན་ནས་རྟ་ནག་ཐུབ་བསྟན་དགོན་དུ་ཆིབས་བསྒྱུར་མཛད་སྐབས། རྒྱལ་ཆེན་རྩེའི་ལུང་པའི་ས་སྟོང་ཞིག་ཏུ་ཕེབས་པ་ན། ཡ་འདི་ན་ཁྱིམ་ཚང་གཉིས་ཡོད་པ་ད་མི་འདུག་གསུང་བ་དེ་འཕྲལ་ཞབས་ཕྱི་རྣམས་ནས་ཅི་ལགས་ཞུས་པས། ང་རྒན་པོ་འཆལ་བ་རེད་གསུངས་གསང་བ་མཛད། རྗེས་སོར་ཞབས་ཕྱི་རྣམས་ནས་ཡུལ་དེའི་མི་ལ་དྲིས་པས་མི་རྒན་རྣམས་ཀྱིས་སྔོན་ཁྱིམ་ཚང་གཉིས་ཡོད་ཀྱང་ཆུས་ཁྱེར་བ་རེད་ཟེར་བ་དང༌། ཡང་མུས་ལ་ཕེབས་སྐབས་ཐང་སྟོང་ཞིག་གི་དཀྱིལ་ན་རྡོ་ཕུང་འགའ་ཤས་ཡོད་ས་ཞིག་ཏུ་ཆིབས་གཞོལ་ཏེ་སྐུ་ངལ་གསོས་བླ་སློབ་ཐམས་ཅད་ཞལ་ཏོག་རེ་གནང་ནས་ཕེབས་པ་དང་ཆིབས་བཏེགས་རྡོ་གྲུ་བཞི་ཆེ་བ་ཞིག་འདུག་པ་དེ་ནས་ཆིབས་དགོས་བཀའ་བསྩལ།