R212: རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན།

  • Pagination (Witness A): [-]
ཆིབས་གོང་དུ་ང་སྐྱེ་བ་སྔོན་མ་བླ་མ་རྒྱ་བོ་རྟ་ནག་པོ་ཡོད་པ་ཞིག་རྡོ་འདིའི་སྟེང་ནས་རྟ་མང་པོ་ཞོན་མྱོང་གསུངས་པ་དེ་སུ་ལགས་ཞུས་པས་ང་རྒན་པོ་འཆལ་བ་རེད་གསུངས་ཏེ་གསང་བ་མཛད། དེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་སྐྱེ་བཞེས་པ་ཐུགས་དྲན་གསོས་གནང་བ་ཡིན་འདུག །མདོར་ན་འདི་ནི་མཚོན་པ་ཙམ་ལས་སྔོན་གནས་རྗེས་དྲན་རྣམས་དང༌། སྤྲུལ་སྐུ་ངོས་འཛིན་ཞུས་པའི་བཀའ་ལན་ཁག་མཇལ་བ་ན་དུས་གསུམ་ལག་མཐིལ་དུ་གཟིགས་པ་ལྟ་བུ་མངོན་མཁྱེན་ལ་ཐོགས་པ་མེད་པའི་ཡིད་ཆེས་སྙིང་ནས་མཆིས་སོ། །ངོར་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། རྫོགས་ཆེན་མཁན་ཆེན་གཞན་ཕན་སྣང་བ་ལས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་གསན་བསམ་མཐར་ཕྱིན་པ་མཛད། ངོར་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ་དང༌། བྲག་ར་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་ཉི་མ་སོགས་ལས་གསུང་ངག་ལམ་འབྲས། རྒྱུད་བཏུས། སྒྲུབ་ཐབས། མགོན་པོའི་ཆོས་སྐོར། ཞལ་སོགས་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཀྱི་གདམས་པ་རྣམས་དང༌། གཞན་ཡང་གྲུབ་མཐའ་རིས་སུ་མ་ཆད་པའི་དབང་ལུང་ཁྲིད་བཀའ་མང་པོ་གསན། དེ་བཞིན་དུ་མཐུ་ཆེན་འཇམ་དཔལ་བསྟན་འཛིན། མགོན་པོའི་གྲུབ་ཆེན་ཉི་དགའ་རིན་པོ་ཆེ། འཇམ་མགོན་ངག་དབང་ལེགས་པ། མཁན་ཆེན་བསམ་གཏན་བློ་གྲོས་སོགས་ལས་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཁག་གསན་ཏེ་སྒོམ་པའི་ཉམས་བཞེས་མཐར་ཕྱིན་པར་མཛད་དོ། །ཕྱིས་བྱོན་ས་སྐྱ་པའི་བསྟན་འཛིན་ཞིག་ལ་དབང་བཀའ་འཆད་སྤེལ་མཛད་ཕྲིན་རྗེ་འདི་ལས་བཀའ་དྲིན་ཆེ་བ་མ་བྱུང་བའི་ཚད་དུ་ངེས་པའང༌། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ལོ་ངོ་གསུམ་གྱི་རིང་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་དབང་ལུང་ཁྲིད་གསུམ་ཆ་ཚང་སྩལ། གདན་ས་འོག་མ་རྩེད་གདོང་ཆོས་སྡེ་སྲིད་གསུམ་རྣམ་རྒྱལ་དགོན་དུ་གསུང་ངག་ལམ་འབྲས་སློབ་བཤད། མུས་སྟག་མོ་གླིང་དགོན་དུ་གསུང་ངག་ལམ་འབྲས་སློབ་བཤད། རྟ་ནག་ཐུབ་བསྟན་རྣམ་རྒྱལ་དགོན་དུ་གསུང་ངག་ལམ་འབྲས་སློབ་བཤད། སྒྲུབ་ཐབས་ཀུན་བཏུས། རྒྱུད་སྡེ་ཀུན་བཏུས་བཅས་དང༌། གསེར་མདོག་ཅན་གྱི་ཆོས་གྲར་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་གནང༌། ངོར་ཨེ་ཝཾ་ཆོས་ལྡན་དུ་མཁན་པོ་མཛད་རིང་དུས་ཆོས་གསུང་ངག་ལམ་འབྲས་ཚོགས་བཤད་ལན་གྲངས་དང༌། རྡོ་རྗེ་ཕྲེང་བ། ཕྱིས་སུ་མདའ་ཁར་ཁང་གསར་བླ་བྲང་དུ་གསུང་ངག་ལམ་འབྲས་སློབ་བཤད་གསུང་ཆོས་འཕྲོ་ཅན། རྒྱལ་རྩེ་གུར་པར་ངོར་ལུགས་དཀྱིལ་འཁོར་བདུན་སོགས་ཀྱི་དབང་གནང་བའི་སྐབས་ཀྱི་གནས་ཚུལ་ཅུང་ཞིག་ཐོས་པ། ལོ་གཅིག་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་དགོན་ཁག་བཅུ་དྲུག་ཡོད་པར་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་བཀའ་དགོངས་ལྟར། རང་རང་གི་ཐོབ་ཁུངས་ནས་མཚན་ལྡན་གྱི་བླ་མ་རེ་གདན་ཞུས་ཀྱིས་ཆོས་ལུགས་རང་རང་གི་ཆོ་ག་ཕྱག་ལེན་དབང་ལུང་ཁྲིད་གསུམ། གཞུང་ཁྲིད་སོགས་བསྟན་པ་རིན་པོ་ཆེར་དག་ཐེར་རྒྱ་ཆེར་མཛད་སྐབས། གུར་པ་གྲྭ་ཚང་གི་ཆོས་ལུགས་ས་སྐྱ་ཡིན་སྟབས་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེར་གདན་ཞུ་སྙན་འབུལ་ཞུས་པ། བདག་ཆེན་རིན་པོ་ཆེ་ཆིབས་བསྒྱུར་མ་གྲུབ་པ་སྐུ་ཚབ་ཏུ་མཁན་ཆེན་འདི་ཉིད་དང༌། རྟ་ནག་མཁན་ཆེན་མི་ཕམ་ངག་གི་དབང་ཕྱུག་ལྷན་རྒྱས་བོད་ཟླ་ལྔ་པའི་ནང་ཙམ་ཆིབས་བསྒྱུར་གནང་བ། ལོ་དེར་ཆར་ཆུ་ཤིན་ཏུ་དཀོན་པས་སྐྱེ་བོ་རྣམས་ཡི་མུག་ཆེན་པོ་བྱུང༌། དགོན་ཁག་གཞན་གྱི་བླ་མ་རྣམས་སྔོན་ལ་ཕེབས་ཡོད་པ་དག་ལ། རྒྱལ་རྩེ་དཔོན་འབངས་བཅས་ནས་ཆར་འབེབ་ཞུས་པས་ཆར་ཡེ་མ་བྱུང་བ་ན་སྐྱེ་བོ་རྣམས་ནས་སྐྱོ་གླུ་བླངས་པ། དགོན་པ་བླ་མས་གང་སོང༌། །བྲག་ལ་ཉི་ཕྱུར་དོན་སོང༌། །དྲིལ་བུའི་སིང་སིང་མ་གསུང༌། །ལུང་ཆུང་རྡུལ་གྱིས་ཁེངས་པས། །ཞེས་དང༌། དེ་ནས་གུར་པའི་བླ་མ་མཁན་རྡོ་རྗེ་འཆང་འདི་ཉིད་ཕེབས་པ་དང༌། ཡང་བསྐྱར་ཆར་འབེབ་ཞུས་པ། རྗེ་ཉིད་ཀྱིས་གོང་བྱོན་སྐྱེས་ཆེན་རྣམས་ནས་ཆར་འབེབ་གནང་བ་ལྷག་ཁོང་གིས་ཕན་ཐོགས་ཡོང་མིན་བཀའ་གནང་ཡང༌། དེ་དག་གིས་ནན་ཞུས་ལྟར་ཞལ་བཞེས་མཛད་ནས། ལྷ་འདྲེ་རྣམས་ལ་བཀའ་ཤོག །བྱིན་རྟེན། གདུག་རྫས། ལྗགས་མདུད།