R212: རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན།

  • Pagination (Witness A): [-]
དེ་མཚུངས་བཞུགས་ཁྲི་རྒྱབ་ཡོལ་བཟང་གོས་ཀྱི་ན་བཟའ་དང༌། འཁོར་བྱང་ཆུབ་སེམས་དཔའ་བྱམས་པ་དང༌། འཇམ་པའི་དབྱངས་གཉིས་བཞེངས་སྟབས་སུ་ཡོད་པའི་རྟེན་ངོ་མཚར་ཅན། དེའི་མདུན་གསེར་དངུལ་ཁོ་ན་ལས་གྲུབ་པའི་མཆོད་ཕྲེང་ཚར་དུ་དངར་བ་དུ་མ་བཞེངས་པར་མཛད། ཡང་རྩེད་གདོང་དུ་ལམ་འབྲས་གནང་བའི་སྐབས་ཤིག་ངོས་ལ་གཤིན་གསོན་གྱི་འབྲེལ་ཐོགས་ཇི་སྙེད་པར་ཅི་ཞིག་མཛད་ན་ཕན་ཐབས་ཆེ་སྙམ་དུ་ཐུགས་ལ་དགོངས་པའི་ནུབ་མོ་མནལ་དང་འོད་གསལ་འདྲེས་པའི་ངང་ལ་བུད་མེད་དམར་མོ་ཞིག་གིས་འདི་སྲིད་པའི་རྒྱལ་མཚོ་ཡིན་ཟེར་བའི་ཁྲག་གི་རྒྱ་མཚོ་ཤིན་ཏུ་རྒྱ་ཆེ་བའི་དབུས་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཆེན་པོ་ལས་འོད་ཟེར་མཐའ་ཡས་པ་རབ་ཏུ་འཕྲོ་བ་ཞིག་གཟིགས་པས། དེ་དག་གི་ཆེད་དུ་མི་འཁྲུགས་པའི་སྐུ་ཞིག་བཞེངས་ནས་ཕན་ཆེ་བའི་བརྡར་དགོངས་ཏེ། ཁང་གསར་བླ་བྲང་དུ་ལྷ་ཁང་གསར་བཞེངས་དང༌། དེའི་ནང་མི་འཁྲུག་པའི་སྐུ་ཐོག་ཚད་གཉིས་པ་ཁྲི་རྒྱབ་ཡོལ་རྒྱན་དྲུག་དང་བཅས་པ། དེའི་གཡས་གཡོན་དུ་སྐུ་མི་ཚད་ཙམ་གྱི་ཚེ་དཔག་མེད། སྒྲོལ་མ། བིརྺ་པ། པད་སྡོང་ལས་འཁྲུངས་ཚུལ་གྱི་གུ་རུ་སྣང་སྲིད་ཟིལ་གནོན་ཡབ་ཡུམ་བཅས་པ། དེ་དག་ལའང་ཁྲི་རྒྱབ་ཡོལ་སོགས་མདོར་ན་བླ་མ་ཡི་དམ་གྱི་སྐུ་བརྙན་རྣམས་གསེར་ཟངས་ལས་གྲུབ་པ་རིན་པོ་ཆེའི་ཕྲ་རྒྱན་སྣ་ཚོགས་ཀྱིས་སྤུད་པ། དེ་དག་ཀྱང་སླ་བཅོས་སུ་མ་སོང་བར་ཆ་ཚད་དང་བཟོ་བཀོད་ཕུན་སུམ་ཚོགས་པ། གཟུངས་ཞུགས་བསམ་གྱི་མི་ཁྱབ་པ་དང༌། རབ་ཏུ་གནས་པ་སོགས་བྱིན་རླབས་གཟི་འོད་འབར་བའི་མཆོད་སྡོང་ཆེན་པོ་བཞེངས་པར་མཛད། གསུང་རྟེན་ལམ་འབྲས། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས། ས་སྐྱ་བཀའ་འབུམ། རྣམས་ཀྱིས་མཚོན་གླེགས་བམ་བརྒྱ་ཕྲག་མང་པོ་བཞེངས་པར་དཔེ་དྲིལ་ན་བཟའ་ཡང་ད་ཕྲུལ་དམར་སེར་གཉིས་རེ་གདོང་དར་གསོལ་བ་སོགས་ཕྱག་དཔེར་ཧ་ཅང་ཐུགས་གཙིག་ཆེ་བར་མཛད། གཞན་ཡང་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་རས་བྲིས་ལས་གྲུབ་པ་ངོ་གྲངས་བརྒྱ་དང་དགུ་བཅུ་གོ་བཞི་དང༌། དབང་རྫས་ཙཀླི་བརྒྱ་ཕྲག་ལྷག་པ་བཅས། དེ་དག་ཀྱང་རྒྱུད་སྡེ་སོ་སོའི་མངོན་རྟོགས་དང་བསྟུན་ལྷ་གྲངས། སྐུའི་རྣམ་འགྱུར། སྐུ་མདོག །ཕྱག་མཚན་སོགས་ཞིབ་དཔྱད་ལན་མང་མཛད་དེ་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པར་གསར་བཞེངས་མཛད་པ་སོགས་རྒྱུད་སྡེ་ཐམས་ཅདཀྱི་གསལ་བྱེད་དམ་པར་གྱུར། རྒྱུན་དུའང་ཉིན་རེར་མཆོད་མེ་བརྒྱ་རྩ་རེ། སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་ཚར་ཉེར་ལྔ་རེ་ཆག་མེད། སྐབས་སུ་ལྷ་ས་སོགས་སུ་མཆོད་མེ་འབུམ་ཕྲག་འབུལ་བར་མཛད་པ་སོགས་བསོད་ནམས་མཆོད་སྦྱིན་གྱི་མཛད་ཕྱོགས་ཁོ་ནའང་ངོ་མཚར་བློ་ཡུལ་ལས་འདས་སོ། །དེ་ལྟ་བུའི་སྐྱེས་བུ་དམ་པ་འདི་ནི་དགུང་གྲངས་བདུན་ཅུ་དོན་བདུན་པར་བཞུགས་ནས་བསྟན་འགྲོའི་དོན་མཐའ་ཀླས་པར་མཛད་མཐར། སྐུ་ཚེ་མཐའ་མའི་མཛད་པ་བསྟན་ཚུལ་ནི། གོང་དུ་གསལ་བ་ལྟར་ཁང་གསལ་བླ་བྲང་དུ་ཆུ་སྦྲུལ་ལོའི་ཟླ་བ་དྲུག་པའི་ཚེས་ཉེར་ལྔ་ནས་བཟུང་སྐལ་ལྡན་འདུས་པ་བརྒྱ་ཕྲག་སྐོར་ལ་གསུང་ངག་རིན་པོ་ཆེ་གསང་ཆེན་སློབ་བཤད་ཟབ་མོའི་གསུང་ཆོས་བཀའ་དྲིན་བསྐྱང་ཞིང༌། དགུང་ན་ཆེས་སྨིན་ཚུལ་བཞེས་པ་དང༌། སྐུ་ཁམས་ཀྱང་སྐབས་རེ་དྭངས་མིན་ལྟ་བུས། གསེང་བར་རྣམས་སུ་ཆོས་མཚམས་ཡུན་རིང་ཙམ་དུ་མ་འཇོགས་གནང་མཛད་ཅིང༌། སྐུ་ཁམས་དངས་སྐབས་སུ་བཀའ་དབང་དང༌། བཀའ་ཁྲིད་རྣམས་རྡོ་རྗེ་འཆང་ཉིད་ནས་སྩལ་ཞིང༌། དེ་སྐབས་དགུང་གྲངས་སྨིན་པོ་དེ་ཙམ་ཕེབས་རུང༌། བཀའ་དབང་སྩལ་སྐབས་ཉེར་ལྔའི་གྲངས་བཅད་ཁོ་ནར་མཛད་པ་མ་ཟད། མཐའ་ན་དཔུང་སྐུད་འདོགས་པ་ཚུན་སློབ་མ་རེ་རེ་བཞིན་རྡོ་རྗེ་འཆང་རང་ནས་མཛད་པ་སོགས་ངོར་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་ཇི་བཞིན་བཀའ་དྲིན་བསྐྱངས། ལྗགས་ལུང་རྣམས་ཐུགས་སྲས་ཞབས་དྲུང་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་བསྟན་འཛིན་སྙིང་པོའི་ཞལ་སྔ་ནས་སྩལ་ཞིང༌། བོད་ཟླ་དགུ་པ་ས་མཆོད་ཆེན་མོའི་སྐབས་གཙུག་ཁང་གསར་པ་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཀྱི་དཔལ་ཀྱེ་རྡོ་རྗེའི་སྒོ་ནས་རབ་ཏུ་གནས་པའི་ཆོ་ག་ཟབ་རྒྱས་ཉིན་གསུམ་རིང་བསྐྱང༌། གང་ལྟར་བོད་ཟླ་གཉིས་པ་ཙམ་ནས་སྐུ་ཁམས་ཅུང་རྙོག་ཚུལ་བཞེས་ཏེ་གསང་དབང་གི་བཀའ་ཁྲིད་གྲུབ་ནས།