དར་ཁ་བཅས་ཡིག་རྒྱ་བཟོས་ཏེ་རྒྱལ་རྩེ་རྫོང་གི་སྟེང་ནས་རླུང་ལ་བསྐུར་གནང་མཛད་དེ་ནས་ཆར་རྒྱུན་རིམ་གྱི་བབས་ཏེ་སྟོན་ཐོག་གི་རྩ་བ་ཚུགས་པས་སྐྱེ་བོ་ཕོ་མོ་ཐམས་ཅད་རབ་ཏུ་དགའ་ཞིང་གླུ་བླངས་པ། གུར་པའི་བླ་མ་ཕེབས་བྱུང༌། །སྤང་ལ་སྔོ་གདན་བཏིངས་སོ། །དེ་འདྲའི་ཆར་པ་ཕབས་ན། །ལུང་ཆུང་ཆུ་ཡིས་ཁེངས་པས། །ཞེས་རྡོ་རྗེ་འཆང་འདི་ཉིད་ཀྱི་ཐུགས་རྗེ་དང་མཐུ་སྟོབས་ཀྱི་ནུས་པར་སྙིང་ནས་ཡིད་ཆེས་ཀྱིས་རང་རིགས་བོད་མི་ལྟ་ཅི། ལྕང་ལོའི་ཨིན་ཇི་དམག་དཔོན་རྣམས་དད་མོས་ཀྱིས་མཇལ་ཁར་བཅར་བ་མ་ཟད་དམག་སྒར་དུའང་གདན་འདྲེན་ཞུས་ནས་གུས་བཀུར་རྒྱ་ཆེར་ཞུས། དགོན་པར་དཔལ་ཀྱེ་རྡོ་རྗེ། རྡོ་རྗེ་གུར། སམྦུ་ཊ། བདེ་མཆོག་ལུ་ནག་དྲིལ་གསུམ། གསང་འདུས་འཇམ་རྡོར། མི་བསྐྱོད་པ། རྡོ་རྗེ་ཕུར་པ་སྟོད་ལས་དང་སྨད་ལས་སོགས་དངོས་སྟ་འབྲེལ་བའི་དབང་ཆེན་ཁག་མང་པོ་དང༌། གཞན་ཡང་རང་རང་གི་ངོར་འདོད་ལྷའི་དབང་རྗེས་གནང༌། བྱིན་རླབས། བཀའ་གཏད། དེ་དག་གི་རྒྱབ་བསྟེན་ལུང་ཁྲིད་མན་ངག་དང་བཅས་སྐལ་ལྡན་རྣམས་ཀྱི་རེ་བ་ཡིད་བཞིན་དུ་ཚིམས་པར་མཛད་དོ། །འདི་ནི་མི་ཕམ་ངག་གི་དབང་ཕྱུག་མཆོག་དང༌། རྒྱལ་རྩེ་གུར་པའི་མཁན་པོ་གསང་སྔགས་མཐུ་སྟོབས་དེའི་དགེ་རྒན་བཅས་ལས་ཐོས་སོ། །ཡང་སྐྱབས་མཆོག་འཁོར་ལོའི་མགོན་པོ་མཆོག་ཁམས་ཕྱོགས་སུ་བསྟན་འགྲོའི་དོན་ལ་ཆིབས་བསྒྱུར་སྐབས། བྲག་གཡབ་འདྲེ་ངན་ཞེས་པ་སྒར་ཆེན་པོ་ཕུབ་པ་ཀུན་གྱིས་མཐོང་ཞིང༌། དེ་ཕྱོགས་རྒྱུ་འགྲུལ་བྱེད་པའི་སྐྱེ་བོ་ཀུན་ལ་རྟག་ཏུ་གནོད་འཚེ་བྱེད་ཅིང༌། བླ་ཆེན་མི་ཆེན་མང་པོ་གསོན་པོར་འཁྲིད་དེ་བྲན་དུ་བཀོལ་བ་སོགས་ཀྱི་གྲགས་པས། ཕྱོགས་དེར་སྐྱེ་བོ་ཀུན་འགྲིམས་འགྲུལ་བྱ་མི་ནུས་པའི་ས་ཕྱོགས་དེར་མགོན་པོ་མཆོག་ནུབ་གཅིག་བཞུགས་ཞག་མཛད་ཅིང༌། དེ་ནུབ་རྡོ་རྗེ་ནག་པོ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ཏེ། འདྲེ་ངན་བདུག་པ་ཅན་གྲི་གུག་གིས་དུམ་བུར་བཏུབ་སྟེ་ཞལ་དུ་བསྟབ་པའི་ཐུགས་ཉམས་བྱུང་བ། ཕྱི་ཉིན་ཞབས་འབྲིང་རྣམས་ལ། མདང་ནུབ་ང་ལ་ཉམས་སྣང་དེ་ལྟ་བུ་བྱུང་བ་ད་ལྟའང་ཁའི་ནང་ཁྲག་དྲི་བྲོ་འདུག་ཞེས་བཀའ་སྩལ་བ་དེ་ནས་བཟུང་སྔོན་བླ་ཆེན་ནུས་པ་ཅན་དུ་མས་ཞི་དྲག་ཇི་ལྟར་མཛད་ཀྱང༌། མ་ཐུལ་བའི་འདྲེ་ངན་འཁོར་བཅས་མིང་ལྷག་ཙམ་དུ་གྱུར་ཅིང༌། འདྲེ་སྒར་དེ་ཡང་འཇའ་ཡལ་བ་བཞིན་ཤུལ་ཙམ་ཡང་མེད་པར་གྱུར་ཏེ། ཕྱོགས་དེར་རྒྱུ་འགྲུལ་བྱེད་མི་རྣམས་བག་ཕེབས་སུ་བསྐྱོད་ཐུབ་པ་བྱུང༌། ཡང་ཁམས་ཕྱོགས་རང་དགོན་ཞིག་ཏུ་རྡོ་རྗེ་ཕུར་པའི་སྒྲུབ་པ་མཛད་སྐབས། སྐུ་མདུན་གྱི་མགུལ་ཕུར་ལས་སིང་སྒྲ་རྒྱུན་རིང་པོར་བསྒྲགས་ཅིང༌། དངོས་སུ་འགུལ་བ་དེར་ཡོད་གསུང་ཞབས་དང༌། ཞབས་འབྲིང་ཀུན་གྱི་མཐོང་བ་དང༌། གཞན་ཡང་རྗེ་འདི་ཉིད་ཀྱི་སྒྲུབ་པ་མཛད་པའི་ས་བཅུད་བུམ་པ་གང་དུ་ཡོད་པའི་ཡུལ་གྲུ་དེར་ཆར་ཆུ་འཕེལ་ཞིང༌། ལོ་ཕྱུགས་ལེགས་པ་སོགས་བདེ་སྐྱིད་ཀྱི་དཔལ་ཡོན་གསར་དུ་བཞད་པའི་ལོ་རྒྱུས་མང་པོ་ཡོད་འདུག །ཡང་རྗེ་འདི་ཉིད་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་ཁང་གསར་བླ་བྲང་དུ། རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་གསུང་ཆོས་ཐོག་མར་བཀའ་དྲིན་སྩལ་ཉིན། ནམ་མཁའ་ནས་ལྷའི་བུ་མོ་གཉིས་ཀྱིས་བསིལ་སྙན་འཕྲོལ་བཞིན་བསྟོད་པ་ངོ་མཚར་ཅན་ཤོ་ལོ་ཀ་གཅིག་དབྱངས་སུ་ལེན་པ་དག་སྣང་ཅན་རྣམས་ཀྱིས་མཇལ་བ་དང༌། གཞན་ཡང་ཨོ་རྒྱན་གྱི་སློབ་དཔོནཆེན་པོ་སོགས་སངས་རྒྱས་བྱང་སེམས་མང་པོ་ཞལ་གཟིགས་ལུང་བསྟན་སོགས་རྒྱུན་མར་ཡོད་འདུག །ལྷག་པར་དུ་སྐུ་ཚེ་ཧྲིལ་པོར་བཤད་སྒྲུབ་སྤེལ་མར་གནང་བས་འཆད་སྤེལ་མཛད་པའི་རྣམ་གྲངས་མཐའ་དག་བརྗོད་ཀྱིས་མི་ལང་ངོ༌། །ཆེད་དུ་དཀོར་སྡུད་ལ་ནམ་ཡང་མ་བྱོན་ཀྱང་དད་པ་དང་ལྡན་པའི་སློབ་མ་དང་སྦྱིན་བདག་རྣམས་ཀྱིས་དངོས་རྫས་ཀྱི་འབུལ་བ་ཆར་ལྟར་བབས་པ་རྣམས་ཀྱང་རང་དོན་དུ་སྤྱད་པ་དང་བར་མ་དོར་ཆུད་མི་ཟ་བར་ཆོས་ཕྱོགས་སུ་བཏང་བར་མཛད་པའང༌། ངོར་ཐར་རྩེ་མཁན་རིན་པོ་ཆེས་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་གསར་པ་བསམ་གྲུབ་མཐོང་གྲོལ་ཆེན་མོ་བཞེངས་པའི་ནང༌། སྐྱབས་མཆོག་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱིས་རྟེན་གྱི་གཙོ་བོར་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་རྒྱུ་རིན་པོ་ཆེ་གསེར་དངུལ་ཟངས་སོགས་ལས་བསྐྲུན་པའི་ཐོག་ཚད་མ།