[A:༡༡༠]བཞིན་དུ་ཡུལ་ཁམས་བཅོ་བརྒྱད་ཀྱི་ཆང་ཟད་པར་གསོལ་ལོ། །དེའི་ཚེ་རྒྱལ་པོའི་དབྱུ་གུ་དང་ཆུ་ཚོད་ལ་སོགས་པའི་རྩིས་ཐམས་ཅད་འཁྲུགས། མི་རྣམས་ཀྱང་གཉིད་ཀྱིས་ར་རོ་བར་གྱུར་ཏོ། །དེ་ནས་རྒྱལ་པོས། རྣལ་འབྱོར་པས་ནུས་པ་བསྟན་པར་ཤེས་ནས་ཉི་མ་གཏང་བར་ཞུས་པས། ཆང་རིན་མེད་གསུངས་པས། རྒྱལ་པོས་ཆང་འཚོང་མ་རྣམས་ལ་ཆང་རིན་བྱིན་པས་མཚན་ཕྱེད་དུ་གྱུར་ཏོ། །དེའི་ཚེའང༌། འཇིག་རྟེན་འཇིག་རྟེན་མུན་པར་མ་བྱེད་དང༌། །འཇིག་རྟེན་ཆང་ལ་ཐེ་ཚོམ་མ་བྱེད་དང༌། །དགྱེས་ན་ཡིད་ཀྱིས་ཉི་མ་གཏེ་མར་འཛུད། །ཨུཏྤལ་བླངས་ནས་ཆུ་ཡིས་མ་གོས་པ། །ཞེས་པ་ལ་སོགས་པའི་གླུ་བླངས་ནས་གྲགས་པ་ཉི་མ་དང་མཉམ་པར་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་ན་ར་པ་ཏིའི་ཡུལ་ན་བྷི་མེ་ཧ་ར་ཞེས་བྱ་བ་ན་དབང་ཕྱུག་ཆེན་པོའི་ལིངྒ་འཇིག་སྡེས་བྱས་པ་ཡོད། དེའི་གནས་ན་རལ་པ་ཅན་ལྔ་བརྒྱ་གནས་པའི་ཡུལ་དེ་དག་ཐམས་ཅད་ཕྱི་རོལ་པ་ཡིན་པས། དེ་རྣམས་ནང་པ་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པར་བཞེད་ནས། དེར་བྱོན་ཏེ། དེའི་རྒྱལ་པོ་ལ་ལེགས་པར་སྦྱར་བའི་སྐད་ཀྱིས་བསྟོད་པ་མང་པོ་བྱས་པས། རྒྱལ་པོ་མཉེས་ནས་རལ་པ་ཅན་ལྔ་བརྒྱའི་དཔོན་དུ་བཅུག་སྟེ་མཆོད་གནས་བྱས་ནས་རང་གི་སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པའི་ཚེ། སློབ་དཔོན་གྱིས་བརྒྱད་སྟོང་པའི་པུསྟི་ལ། མེ་ཏོག་གི་ཕྲེང་བ་ཕུལ་བ་དང་ཕྱག་བྱེད་ཅིང༌། དབང་ཕྱུག་ཆེན་པོའི་ལྷ་རྟེན་ལ་ཕྱག་མ་བྱས་པས། མི་ཐམས་ཅད་ཐེ་ཚོམ་དུ་གྱུར་ཏེ། རྒྱལ་པོ་ལ་སྨྲས་པས། རྒྱལ་པོ་ན་རེ། རལ་པ་ཅན་ལྔ་བརྒྱའི་དཔོན་ཡིན་ཅིང༌། ལེགས་པར་སྦྱར་བའི་སྐད་ལ་ཤིན་ཏུ་མཁས་པ་ཞིག་ལྷ་རྟེན་ལ་ཕྱག་མི་བྱེད་པ་མི་སྲིད་པས་ཁྱེད་རང་རྣམས་ཕྲག་དོག་བྱེད་པ་ཡིན་ཏེ་འོང་ཟེར་ནས་མ་ཉན་