[A:༡༡༧]ལྟ་བུའི་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་བརྟུལ་ཞུགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པས། བསྟན་པ་རྒྱས་ཏེ་མུ་སྟེགས་པ་མིང་ཡང་མེད་པར་བྱས་སོ། །དེ་ལ་སྤྱིར་བསྟན་པ་ལ་བྱ་བ་བྱས་པ་གསུམ་སྟེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་དབང་ཕྱུག་གི་སྒོ་ནས་བྱ་བ་བྱས། སློབ་དཔོན་ཆོས་གྲགས་ཀྱིས་རྩོད་པའི་སྒོ་ནས་བྱ་བ་བྱས། རྣལ་འབྱོར་དབང་ཕྱུག་བིརྺ་པས་ནུས་པའི་སྒོ་ནས་མུ་སྟེགས་ཀྱི་མིང་མེད་པར་བཏང༌། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱས་ཏེ་བྱ་བ་བྱས་སོ། །དེ་ལྟ་བུའི་རྣལ་འབྱོར་གྱི་དབང་ཕྱུག་དེ་ལ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་མོ་བཅོ་ལྔས་དབང་གི་ཆུ་བོ་མ་ནུབ་པ་ལ་སོགས་པ་སྙན་བརྒྱུད་བཞིས་བྱིན་གྱིས་བརླབས་ཤིང་གདམས། དེས་ཤར་ཕྱོགས་ཀྱི་ནག་པོ་པ་ལ། དེ་ཉིད་རྟོགས་པ་ཅུང་ཟད་དམན་པ་ལ་དེའི་དོན་དུ་སློབ་དཔོན་གྱིས་རྡོ་རྗེའི་ཚིག་རྐང་མཛད་ནས་གནང༌། དེས་དབུས་ཀྱི་རྣལ་འབྱོར་པ་ཌ་མ་རུ་པ་ལ། དེའང་ཌ་མ་རུས་རྩེད་མོ་བྱེད་ཅིང༌། ཌ་མ་རུ་ཐོགས་པས་ཌ་མ་རུ་པའམ་དྷརྨཱ་པ་བྱ་བ་ཆོས་པ་བྱ་བའང་ཟེར། དེས་ཨ་ཝ་དྷུ་ཏཱི་པ་བྱ་བ་བྱིས་པ་མང་པོའི་གསེབ་ཏུ་རྩེད་མོ་བྱེད། རི་མོ་འབྲི་ཞིང་གཉིས་སྤངས་ཀྱི་སྤྱོད་པ་མཛད་པ་དེ་ལ། དེས་ཤར་ཕྱོགས་ཀྱི་རྒྱལ་པོའི་ཡི་གེ་པ། ཀ་ཡསྟ་པའི་རིགས་རིན་པོ་ཆེའི་རིགས་ཀྱི་ཡི་གེ་པ་བྱ་བ། བསྐྱེད་རིམ་ལ་བརྟན་པ་ཐོབ་པ། སྤྲུལ་སྐུ་འགའ་མཐོང་བ། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པ། གྲོང་འཇུག་ལ་ཐོགས་པ་མེད་པ། ནུས་པ་མངོན་སུམ་མཛད་པ་ཀཱ་ཡསྠ་པ་ག་ཡ་དྷ་ར་ཞེས་པ་ལ་གདམས་སོ། །དེས་མི་བསྐྱོད་རྡོ་རྗེ་ལ། དེས་ཞེ་སྡང་རྡོ་རྗེ་ལ། དེས་རོལ་པའི་རྡོ་རྗེ་ལ། དེས་མི་བསྐྱོད་རྡོ་རྗེ་ས་སྐྱ་པ་ལ། དེས་རྗེ་བཙུན་ལ། དེས་ཆོས་རྗེ་པ་