[A:༡༡༨]ལ། དེས་ཚོགས་སྒོམ་པ་ལ། དེས་སྐྱེ་འཆི་ལ་དབང་ཐོབ་ཅིང་མངོན་ཤེས་རྫུ་འཕྲུལ་ལ་དབང་ཐོབ་པའི་ཉན་པོ་པ་ལ། དེས་འཇམ་སྐྱ་པ། དེས་མཁྱེན་བརྩེའི་མངའ་བདག་དཔལ་ལྡན་པ་ལའོ། །ཡང་འཕགས་པས་བླ་མ་ཞང༌། དེས་དགའ་ལྡན་པ་ཀུན་བསོད་ལ། དེས་སེང་གེའི་མཚན་ཅན་ལའོ། །ཡང་བླ་མ་ཞང་གིས་མཁྱེན་བརྩེ་ནུས་མཐུ་ཕྲིན་ལས་བསམ་གྱིས་མི་ཁྱབ་ཅིང༌། དག་སྣང་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཅན། བླ་མ་བསོད་ནམས་དཔལ་ལ་སྙན་བརྒྱུད་བཞིས་གདམས་སོ།
།གཉིས་པ་ལམ་གྱི་རྣམ་གཞག་ནི། ལམ་སྐོར་དགུ་པོ་འདི་དག་ལ་སློབ་དཔོན་དྲུག་གི་དགོངས་པས་གནད་དུ་ཆེ་བ་དྲུག་བཞེད་དེ། དེའང་སློབ་དཔོན་པདྨ་བཛྲའི་ཞལ་ནས་སངས་རྒྱས་ཡེ་ཤེས་ཞབས་ཀྱི་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོ་ལས། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པར། །སྲིད་པའི་སྡུག་བསྔལ་གཞན་དག་ཡོད་མ་ཡིན། །དེས་ན་དེ་དག་གཞོམ་པར་བྱ་བའི་ཕྱིར། །ཐབས་ནི་བསྐྱེད་པའི་རིམ་པ་བསྒོམ་པར་བྱ། །ཞེས་དང༌། རྡོ་རྗེ་གུར་ལས་ཀྱང༌། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམས་པ་ཡང་དག་རབ་ཏུ་གྲགས། །ཞེས་དང༌། འོན་ཀྱང་མི་གཙང་བའི་ཚད་སྦྱང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པའི་རྗེས་སུ་འབྲངས་ནས། འཁོར་བར་སྐྱེ་བར་བྱེད་པ་སྲིད་པའི་སྡུག་བསྔལ་གྱི་རྩ་བ་ནི་ཐ་མལ་གྱི་རྣམ་རྟོག་ཡིན་ལ། དེའི་གཉེན་པོ་བསྐྱེད་པའི་རིམ་པ། ལྷའི་ང་རྒྱལ་ནི་དཀྱིལ་འཁོར་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་གནད་དུ་ཆེའོ་ཞེས་བཞེད། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པ་ཡིན། དེའི་རྩ་བ་རླུང་ཡིན་པས། རླུང་ལ་སེམས་བརྟེན་ནས་རྣམ་པར་རྟོག་