[A:༡༢༠]དང༌། བརྟག་གཉིས་ལས་ཀྱང༌། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་པ་ལྟར། རྡོ་རྗེའི་ཚིག་རྐང་ལས་ཀྱང༌། ལམ་ཟབ་བླ་མ་ཞེས་གསུངས་སོ། །སློབ་དཔོན་ཨིནྡྲ་བྷུ་ཏི་ལ་སོགས་པ་རྣམས་ཀྱིས། འཁོར་བའི་རང་བཞིན་དུཿཁ་ཡིན། །དེ་དེའི་གཉེན་པོ་བདེ་བ་ཡིན། །བདེ་བ་ཕྱག་རྒྱ་བསྟེན་པ་ལས་འབྱུང་བས་བདེ་བའི་ལམ་ཕྱག་རྒྱ་བསྟེན་པ་གནད་དུ་ཆེ་བར་བཞེད་དེ། དབང་ཡོན་ཏན་རིམ་པ་ལས། བདེ་བས་བདེ་བ་ཆེན་པོ་ཀུན། །འཁོར་བའི་སྡུག་བསྔལ་གཅོད་བྱེད་ཅིང༌། །མྱ་ངན་འདས་པའི་གོ་འཕང་མཆོག །འཐོབ་པར་འགྱུར་ཞེས་རྒྱལ་བས་གསུངས། །ཞེས་གསུངས་སོ། །སློབ་དཔོན་བིརྺ་པས་འཁོར་བའི་རང་བཞིན་སྡུག་བསྔལ་ཡིན་ལ། དེ་ཐམས་ཅད་ཀྱི་རྩ་བ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་འཁོར་ཞིང་འཁྱམས་ལ། དེའི་གཉེན་པོ་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཤེས་དགོས། དེའི་གནད་མ་ཤེས་ན་དཀྱིལ་འཁོར་བསྒོམས་པ་དང༌། སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་བསྒོམས་པ་ཉིད་ཀྱང་བར་ཆད་དུ་འགྲོ་བའི་སྐབས་སྲིད། རྟེན་འབྲེལ་གྱི་གནད་ཤེས་ན་ཉོན་མོངས་པ་རྣམ་རྟོག་ཉིད་ལམ་གྱི་མཆོག་ཏུ་འགྱུར་བས་ན་སློབ་དཔོན་འདི་རྟོག་པའི་གཉེན་པོ་རྟོག་མེད་དང༌། སྡུག་བསྔལ་གྱི་གཉེན་པོ་བདེ་བ་ནི་མི་བཞེད་དེ། ཉོན་མོངས་དང༌། སྡུག་བསྔལ་དང༌། རྣམ་རྟོག་དང༌། འདོད་ཡོན་ལ་སོགས་པ་ཉིད་ལ་བརྟེན་ནས། ལམ་གྱི་གནད་ཀྱི་ཉམས་མྱོང་ལྟ་བ་དང༌། གྲུབ་མཐའ་དང༌། ལམ་གྱི་རྟགས་དང༌། མཐར་ཐུག་འབྲས་བུའི་རྟོགས་པ་འབྱུང་བར་བཞེད་ལ། དེའི་གནད་རྟེན་འབྲེལ་ལྔ་གནད་དུ་ཆེ་བར་བཞེད་དེ། རྡོ་རྗེའི་ཚིག་རྐང་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་