[A:༡༨]ཐང་དཀར་པོ་བྱ་བ་ན་ཡོད་པའི་འབྲོག་པས་སྤྱན་དྲངས་ནས་ཆོས་ཀྱི་ཉན་བཤད་མང་པོ་མཛད་ཅིང་བཞུགས་པའི་དུས་ན། བླ་མ་ག་ཡ་དྷ་རས་ཕྲིན་བཏང་ནས། པཎྜི་ཏ་འོང་གིན་ཡོད་པས་བསུ་རུ་ཤོག་གསུངས། ཆོས་ཅི་ཤེས་དྲིས་པས་རྡོ་རྗེ་ཐེག་པ་ལ་མཁས་པར་དགོངས་ནས་དགྱེས་ཏེ། བསུ་བ་ལ་བྱོན་པ་དང་མང་ཡུལ་གྱི་ལ་དེར་མཇལ། རིམ་གྱིས་གདན་དྲངས་ནས་བྱོན་པ་དང་གུང་ཐང་མུ་གུ་དགོན་པར་འབྲོག་མི་ཁྲག་གི་རལ་པ་ཅན་བྱ་བའི་སློབ་མ་རྒྱུས་ཅན་གྱིས་འབྲོག་མིའི་ཞེན་བྱས་ནས་སྣ་ལེན་བྱས་ཏེ་བཏེགས་པས། དབྱར་ཟླ་བ་གསུམ་ལོ་པཎ་གཉིས་ཀྱིས་ཆོས་མང་དུ་གསུངས་ཤིང་བཞུགས་སོ། །དེ་ནས་མར་བྱོན་ཏེ་གྲམ་པ་ལྷ་རྩེའི་བྲག་ལ་ཟླ་བ་དྲུག་ཏུ་བླ་མ་ལྔ་བཅུ་པའི་སྒོ་ནས་དཔོན་སློབ་གཉིས་ཀྱི་འབྲེལ་བ་བརྟག་ཅིང་ཆོས་ཀྱི་གསུང་གླེང་མཛད་པས་ཕན་ཚུན་གཅིག་ལ་གཅིག་མཉེས་ཏེ། པཎྜི་ཏས་ལོ་ལྔ་བཞུགས་ནས་གསུང་ངག་རྫོགས་པར་གནང་བ། ལོ་ཙཱ་བས་གསེར་སྲང་ལྔ་བརྒྱ་ཕུལ་བ། དེའི་བར་དུ་མུ་གུ་ལུང་དུ་བཞུགས་པའི་ཆད་མཛད་ནས་མུ་གུ་ལུང་དུ་སྤྱན་དྲངས་ཏེ། ཆོས་ཀྱི་བཤད་ཉན་མཛད་ཅིང་ལོ་གསུམ་སོང་བ་དང༌། པཎྜི་ཏས་རྒྱ་གར་དུ་འགྲོ་གསུངས། དེར་བླ་ཆེན་གྱིས་བླ་མས་ལོ་ལྔ་བཞུགས་པར་ཞལ་གྱིས་བཞེས་པ་ལགས་མོད། །བདག་གིས་གསེར་ཡང་མ་འགྲུབ་ལགས་ཞུས་པས། ཆོས་ཐམས་ཅད་ནི་ལེགས་པར་ཚར། ཁྱོད་རང་གསེར་ཕྲིས་ལ་ཕུལ་གསུང༌། བླ་མ་འབྲོག་མིའི་དགོངས་པ་ལ་གསེར་ཕྲི་རུ་མི་རུང༌། ཚང་མར་ཕུལ་དགོས་དགོངས་ནས། གསེར་བསྒྲུབས་པས་སྲང་བརྒྱ་མ་ལྡང་བར། ཤངས་མདའི་བྲག་རྒྱ་བོ་ལ་ཟུར་པོ་ཆེ་ཤཱཀ་འབྱུང་བསོད་ནམས་ཆེ་ཡིན་ཡོད་པ་དེ་སྔར་གྱི་སློབ་མ་ཡིན་པས། དེར་ཕྲིན་བཏང་ནས་ཆོས་འདོད་ན་སྦྱིན་གྱི། ཤོག་