[A:༡༩]གསུངས་པས། ཟུར་ཡང་དག་གི་སྒྲུབ་པ་མཛད་ཅིང་བཞུགས་པའི་དུས་སུ་ཕྲིན་གྱིས་སླེབས་པ་དང༌། འབྱོན་པར་ཆས་པས། སློབ་མ་ལ་ལ་ན་རེ། དགེ་སྦྱོར་གྱི་བར་ཆད་ཡིན་པས་མི་འབྱོན་པར་ཞུ་ཟེར་བ་ལ། ཟུར་ན་རེ། འབྲོག་མི་ལོ་ཙཱ་བ་ཆེན་པོ་ཡིན་པས་གདམས་ངག་ཡོད་ངེས། སྒྲུབ་པ་བྱས་ཀྱང་དངོས་གྲུབ་འདོད་པ་ཡིན། དངོས་གྲུབ་འདི་ཀ་ཡིན་གསུངས་ནས་བྱོན་ཏེ་གསེར་སྲང་བརྒྱ་ཙམ་ཕུལ། བླ་མས་བསམ་མི་ཁྱབ་ཀྱི་གདམས་ངག་གནང་བས་ཟུར་ཤིན་ཏུ་དགའ་སྟེ། བླ་མ་ཆེན་པོའི་བཀའ་དྲིན་གྱིས། །ཨ་པོའི་སེམས་ཕྱོགས་ནོར་དུ་བཏང༌། །ཟེར་རོ། །དེར་སྟོན་བཙས་མའི་དུས་ཡིན་པས་བེར་གྱི་ཐོག་ཏུ་ཚར་མ་ཁུར་ནས་སྐྱེལ་རོགས་བྱས་པས། མི་ཀུན་ན་རེ། བེར་ཕོངས་མེད་དེ་ཙུག་མ་མཛད་ཟེར་བ་ལ། ཟུར་པོ་ཆེ་མ་ཟད་ན་བེར་མི་མཛད་ཟེར་སྐད་དོ། །དེར་གསེར་ཐམས་ཅད་བསྡོམས་པས་གསེར་སྲང་ལྔ་བརྒྱ་བྱུང་བ་ཀ་ཊོ་ར་གཅིག་ཏུ་བླུགས་ཏེ་པཎྜི་ཏ་ལ་ཕུལ་བས་གསེར་མང་བས་ཐུགས་མ་ཆེས་པར་སྒྱུ་མ་ཡིན་ནམ་དགོངས་ནས། མང་མཁར་དྲིལ་ཆེན་གྱི་མི་གང་མང་སར་གསེར་ཁྱེར་ནས་བྱོན་ཏེ། འདི་གསེར་དུ་འདུག་གམ། མི་འདུག་དྲིས་པས། གསེར་དུ་འདུག་ཟེར་བས་གཟོད་ཡིད་ཆེས་ཏེ་ཤིན་ཏུ་མཉེས་ནས་ཁྱོད་ཅི་དགའ་བར་བྱའི། ཅི་འདོད་གསུང༌། གསུང་ངག་ལྷག་མ་ཡོད་ན་རྫོགས་པ་ཞིག་ཞུ་བྱས་པས། ལྷག་མ་མ་ལུས་པར་བྱིན་པ་ཡིན། ད་ལྷག་མ་མེད་གསུང༌། གཞན་ཅི་འདོད་གསུངས། ཅིའང་མི་འདོད་ཞུས་ཀྱང༌། ཡང་ཡང་ཅི་འདོད་གསུངས་པས། འོ་ན་གཙིགས་འདྲ་གཟུང་དགོས་པ་ཡིན་ནམ་སྙམ་ནས་གསུང་ངག་འདི་བོད་དུ་གཞན་ལ་མི་གནང་བར་ཞུ་བ་ཕུལ་བས། བླ་མས་གནང་ནས་གསེར་ཀུན་བསྣམས་ནས་རྒྱ་