[A:༣༣]སུམ་ཅུ་ཙམ་ཡོད་པ་རི་ལ་འཚོ་རུ་ཕྱིན་པས། རིགས་སད་པ་བཞིན་དུ་མང་མཁར་མུ་གུ་ལུང་གི་ཐད་ཀར་སྤྲིན་དཀར་པོ་ལིང་ངེ་བ་ཞིག་མཐོང་བས་ཕ་གིའི་འོག་ན་ཚེ་འདི་ལ་སངས་རྒྱས་པའི་གདམས་ངག་ཡོད་པའི་བླ་མ་གཅིག་ཡོད་ངེས་སྙམ་པ་ཞིག་བྱུང་ནས། ཕ་མ་ལ་ང་ཡུལ་ལྟད་མོ་བལྟ་རུ་འགྲོ་བྱས་ཏེ་གསེར་ཞོ་གསུམ་ཁྱེར་ནས་འོང༌། མང་མཁར་དྲིལ་ཆེན་ན་ཕར་སླེབས་པ་དང་དྲིས་པས་མུ་གུ་ལུང་བྱ་བ་ན་བླ་མ་འབྲོག་མི་ལོ་ཙཱ་བ་བྱ་བ་ཚེ་འདི་ལ་སངས་རྒྱ་བའི་གདམས་ངག་ཡོད་པ་གཅིག་བཞུགས་ཟེར་བས། ཤིན་ཏུ་དད་ནས་དེར་ཕྱིན་པས་བླ་མ་དང་མཇལ་ནས་གསེར་ཞོ་གང་ལ་ཕྱག་རྟེན་བྱས། ཁ་རྗེ་ཆེ་ནས། ཀྱེ་རྡོ་རྗེའི་དབང་བསྐུར་མཛད་པ་གཅིག་གི་གྲངས་མ་ཚང་བ་ཞིག་དང་ཐུག་པས་ཞོ་གང་ལ་འཕྲལ་ཆས། ཞོ་གང་ལ་དབང་ཡོན་བྱས་ནས་དབང་བསྐུར་ཞུས་པས་དབང་ཐོབ། དེ་དུས་ན་དབང་བསྐུར་ཞུ་བ་ལ་ཆ་རྐྱེན་ཆེན་པོ་དགོས། བླ་ཆེན་ལས་གསེར་ཞོ་དོས་དབང་ཐོབ་པ་བླ་མ་སེ་ལས་མེད་གསུང༌། དེ་ནས་བླ་མས་སེ་ལ་དྲན་པ་གཅིག་པའི་སྒྲུབ་ཐབས་དང༌། རྩ་ལྟུང་གི་བཤད་པ་ཞིག་གསུངས་ནས་སྐུ་མཚམས་མཛད་དེ་ཁྲིད་དམིགས་རེ་ཙམ་ལས་ཆོས་ཆེར་མི་གསུང་བར་བཞུགས་སོ། །སྤྱིར་ཡང་བླ་མ་འདི། རྣ་བཞི་པ་ལ་ཆོས་མི་བཤད། རྣ་བ་དྲུག་པ་ཆོས་ཀྱིས་དབེན་བྱ་བ་ཡིན་གསུངས་ནས། མི་མང་པོ་ལ་ཆོས་མི་གསུང༌། ཁྱད་པར་དུ་གསུང་ངག་རིན་པོ་ཆེ་མི་གཉིས་སུ་ལངས་པ་ལས་མི་གསུང༌། གསུངས་ཙ་ན་ཐུན་རེ་ལ་ཚོགས་འཁོར་རེ་བཤམ་དགོས་སྐད། དེ་དུས་སུ་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱར་མི་བཅུ་བདུན་ལ་བརྟག་གཉིས་གསུངས་པས། བླ་མས་ཕྲིན་བསྐུར་ནས། རྩ་རྒྱུད་གཉན་པོ་དེ་མི་བཅུ་བདུན་ཙམ་ལ་འཆད་པ་ཁྱོད་ལ་རྡོ་རྗེའི་སྲོག་ཡོད་དམ་