R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༣༥
[A:༣༥]འཛིན་པ་ལ་མཁོའི་གསུངས་ནས། འབྲི་རྣམས་ལ་མིང་འདོགས་ཤིང་གྲངས་མཛད། གདམས་ངག་ཀྱང་ཅི་རིགས་པ་གནང༌། དེ་ལྟར་ཞབས་ཏོག་དང་མི་ཕྱེད་པའི་དད་པས་མཉེས་པར་བྱས་ཏེ་གསུང་ངག་རིན་པོ་ཆེ་ཉན་ཀྱིན་ལོ་བཅུ་བཞུགས། སྔར་ལོ་བདུན་ཏེ་བཅུ་བདུན་བཞུགས་ཤིང་མི་གཞན་ལ་ཅི་འདྲ་ཡོད་དྲིས་ནས། ཁོང་ལ་འདི་འདྲའི་གདམས་ངག་བདོག་བྱས་ཙ་ན། དེ་ཀུན་འོ་ཅག་རང་ལའང་ཡོད་ཀྱི། གསུང་གིན་གནང་ངོ༌། །མདོར་ན་བསྟེན་ཡུན་རིང་ཞིང་སྤྱོད་ལམ་གྱིས་མཉེས་ནས་གདམས་ངག་རབ་ཏུ་ཐོབ་པ་ཡིན་ནོ། །བླ་ཆེན་གྱི་ཞལ་ནས་སེ་ལྕེ་ལ་རེ། འདི་ལ་ངའི་གདམས་ངག་ཐམས་ཅད་རྐུ་ཐབས་སུ་ཤོར་ཞེས་གསུངས། སེས་བཤུམས་ཏེ་ངོས་ཅག་ཀྱང་བུ་མ་ལགས་སམ། ཞུས་པས། ངས་ཀུ་རེ་བྱས་པ་ཡིན། གདམས་ངག་ཁྱོད་ལ་མི་སྟེར་སུ་ལ་སྟེར་གསུངས། དེ་ལྟར་བླ་མ་མཉེས་ཤིང་ལོ་དེ་ཙམ་བཞུགས་ཀྱང་འབྲས་བུའི་གནས་སྐབས་གཅིག་མ་གནང་བར་ཕྱིས་ཞུ་དགོས་པ་བྱུང་གསུངས། གསུང་ངག་ཚར་ནས་གཞུང་ཞུས་པས། ངས་བླ་མ་གཅིག་གི་དྲུང་དུ་གཞུང་ཚར་བའི་སློབ་མ་ལ་གདམས་ངག་མི་བཤད། གདམས་ངག་ཚར་བ་ལ་གཞུང་མི་བཤད་པའི་དམ་བཅའ་ཞིག་བྱས་པ་ཡིན་པས། ཁྱོད་རང་གཞུང་ལ་དད་ན་ས་སྐྱར་དཀོན་མཆོག་རྒྱལ་པོ་ཅན་དུ་སོང་གསུངས་ནས། བླ་མ་སེས་སྐྱར་བྱོན་ནས་ལོ་གཅིག་བཞུགས། བླ་མ་དཀོན་མཆོག་རྒྱལ་པོ་ལས་གཞུང་གི་སྐོར་རྣམས་ཚང་བར་གསན། བླ་མས་སེ་ལ་གསུང་ངག་གསན་གསུང་ངོ༌། །དེ་ནས་བླ་མ་སེ་ཡུལ་དུ་བྱོན་ནས་བཞུགས་ཙ་ན། བླ་ཆེན་གྱི་སྲས་ཇོ་སྲས་ཨིནྡྲ་བྱང་གཡག་དང༌། མུས་པ་ཚེ་འབྲོག་བལྟ་གསུངས་ནས་མདོག་ཏུ་བྱོན་པ་ལ་བསྙེན་བཀུར་