[A:༤༥]ཕན་པར་གནུབས་ཡུལ་རོང་ནས་མར་ཕྱིན་པས་ལྷ་རྗེ་གནུབས་པའི་བན་ཆུང་ཁ་ཅིག་ཆུ་ཁ་ཞིག་ན། ཨེ་མ་ངོ་མཚར་ལྔ་བྱ་བ་དབྱངས་སུ་གྱེར་གྱིན་འདུག་སྟེ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་ཟེར་བ་ཐོས་ནས། དེ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་བའི་སྟོབས་ཀྱིས་ཁམས་དྲག །དེ་ནས་ཡང་ཐུར་སོང་སྟེ་དམ་པ་ལ་ཞུས་པས་རྔ་གཅིག་ལག་ཏུ་གཏད་ནས་བརྡུང་བྱ་བའི་བརྡ་ཞིག་མཛད་པ། བརྡུངས་པས་སྐད་ཆེན་པོ་ཞིག་བྱུང༌། གཞན་ཅིའང་མ་བྱུང་སྟེ། གདམས་ངག་ཞུས་པས་སོང་ཞིག་ཟེར་བའི་བརྡ་མཛད། དེས་ཕན་པ་མ་བྱུང་བས་གདམས་ངག་རྡུགས་པར་ཐག་བཅད་གསུང༌། དེ་དུས་བླ་མ་སེ་མཁར་ཆུང་བས་མདོ་མང་བཞེངས་ཡོད་པའི་ཆོས་ཀྱི་གླེགས་ཤིང་སྒྲུབ་པ་ལ་བྲིན་དུ་བྱོན་པའི་ཚུར་ལམ་དིང་རི་ཤར་ཕྱོགས་ཀྱི་མཁར་ཆུང་པ་ཅན་དུ་བྱོན། མཁར་ཆུང་བའི་སློབ་མ་དིང་རི་སྐྱེ་ཆག་པ་ཁྱུང་པོ་ཧཱུྃ་ཀ་ར་བ་ན་རེ། འབྲོག་མིའི་སློབ་མ་སེ་ཀུན་རིག་བྱ་བ་ལམ་འབྲས་ཀྱི་བདག་པོ་ཁམས་འདུས་པ་འགྲོལ་བ་ལ་ཤིན་ཏུ་མཁས་པ་ཞིག་བྱོན་བདོག་པས་ཉིད་ཆོས་མི་ཞུའམ་ཟེར་ཏེ། ལྕམ་སྲིང་གཉིས་ཀྱིས་རྟ་གཅིག་ལ་ཡོ་བྱད་མང་པོ་བཀལ་ནས་མཇལ་དུ་བྱོན། དང་པོ་ནས་ཁམས་ཀྱི་སྐྱོན་འདི་ལྟ་བུ་བྱུང་བའི་ལོ་རྒྱུས་བླ་མའི་དྲུང་དུ་ཕུལ་བས། ཁོང་ལྷྭམ་འབུར་མ་ཞིག་ལ་སྦ་ལྕག་ཅིག་གིས་ཐུག་ཐུག་མཛད་ཅིང་ཁྱོད་ལ་དང་པོ་འདི་ལྟར་མ་བྱུང་ངམ། དེ་ནས་འདི་ལྟར་མ་བྱུང་ངམ་གསུངས་པས། ཞ་མའི་ཉམས་ལ་བྱུང་བ་ཚོ་དང་མཐུན་ནས། རྗེ་སངས་རྒྱས་ཟེར་བ་དེ་ཁྱེད་ལགས་སམ་ཟེར་ཞིང་ཤིན་ཏུ་ཡིད་ཆེས་ཤིང་ཕྱག་མང་པོ་བཙལ།