[A:༤༦] བླ་མའི་ཞལ་ནས། ཞ་ཆུང་མ་ལ་སྒོམ་འདུག་སྟེ་གདམས་ངག་མི་འདུག །སེ་མཁར་ཆུང་བ་ལ་གདམས་ངག་འདུག་སྟེ་སྒོམ་མི་འདུག །སྤྲང་པོ་ཐེའུ་རང་འདིས་ཀྱང་བར་ཆད་ཅིག་ཀྱང་བྱེད་དུ་མ་འདོད་དམ་གསུང༌། དེར་གདམས་ངག་ཞུས་པས་དབང་བསྐུར་དགོས་གསུང༌། སྔར་བླ་མ་རྨ་ལས་ཐོབ་ཞུས་པས། ངའི་ཆོས་འདོད་ན་ང་རང་གིས་དབང་བསྐུར་དགོས་གསུང༌། འོ་ན་ཆ་རྐྱེན་འདྲ་བསྒྲུབས་ནས་བླ་མའི་དྲུང་དུ་འོང་བར་ཞུ། བདག་གི་མིང་པོ་སྟོན་པ་ཞིག་བདོག་པས་དེ་ཁྲིད་ནས་མཆིས་ན་ཞུས་པས། རུང་གསུངས་ནས་རྗེ་ཁུམ་བུ་བ་བྱ་བ་དང་ལྕམ་སྲིང་གཉིས་ཀྱིས་ནོར་མང་པོ་ཁྱེར་ནས་མཁར་ཆུང་དུ་བྱོན། འབུལ་བ་འཁོར་གསུམ་ཡོངས་དག་ལན་གསུམ་བྱས། བླ་མའང་ཤིན་ཏུ་མཉེས་ནས་དབང་བསྐུར་ཞུས། གེགས་སེལ་གྱི་གདམས་ངག་བསྟན་ནས་སྒོམ་དུ་བཅུག་པས་ནད་དྲག་སྟེ། ཁྲིད་བཀའ་རྣམས་གནང༌། གཞུང་ཚང་བ་ནི་མ་ཉན་གསུང༌། ཞ་མས་ནི་གསུང་ངག་རགས་རིམ་ཞིག་ཉན་ནས་དེས་སེམས་ཚིམས་ཏེ་ཁོང་ལྕམ་སྲིང་འགྲོ་བར་འདུག་པ་ལ། བླ་མའི་ཞལ་ནས་ཞང་སྟོན་པ་གཉིས་ལ་ཞ་མ་ལྕམ་སྲིང་འདི་པ་མི་ཆེན་དུའང་འདུག །གདམས་ངག་གི་སྣོད་དུའང་འདུག །ཁོང་གཉིས་ལ་གདམས་ངག་འདི་རྫོགས་པར་སྦྱིན་བསམ་སྟེ་ཁོང་མི་ཞུ་བར་འགྲོ་བར་འདུག །གདམས་ངག་ནི་མ་ཚར། འོ་སྐོལ་གྱི་བརྒྱུད་པ་འདིའི་ལུགས་ལ་སློབ་མས་མ་ཞུས་པར་བླ་མས་མི་བཤད་པ་སྲོལ་དུ་གདའ་བས་ཁྱེད་ཀྱིས་གྲོས་ཐོབ་གསུངས་ཏེ། ཞང་སྟོན་པས་ཁྱོད་ཀྱིས་བླ་མ་ལ་ཞབས་ཏོག་ཀྱང་ཆེ་བར་བྱས། བླ་མའང་མཉེས། ཐུགས་ལའང་འདོགས་པར་འདུག །ཁྱེད་ཀྱི་ཞར་ལ་ངེད་རྣམས་ཀྱང་ཐུགས་ལ་བཏགས། ད་རུང་གདམས་ངག་ལྷག་མ་འདྲ་