[A:༤༧]ཡོད་པ་འདྲ་བས་བཞུགས་ནས་ལྷག་མ་ཀུན་སྤྱོད་པར་ཞུ་བྱས་པས། ཞ་མ་ལྕམ་སྲིང་ན་རེ། ཇོ་བོ་འདི་ཅི་གསུང་ན། འབུལ་བའང་འཁོར་གསུམ་ཡོངས་དག་ལན་གསུམ་བྱས། བྱང་དང་ར་དང་ཆུང་ཚུན་ཆད་བསྐོར། ཇག་དམར་གྱི་གོས་རྐྱང་པ་རེ་ལས་མེད་པར་ཕུལ་བས་གྲང་དྲགས་ནས་ལམ་དུ་གནག་གི་སྐྱིབས་འཇོ་ཡིན་འོང༌། ཅི་ཡོད་ཕུལ་ནས་ཞུས། མཉེས་ཀྱང་མཉེས། གདམས་ངག་ཀྱང་མ་ལུས་པར་གནང༌། ལྷག་མའང་མེད་པར་ཐག་ཆོད། དེས་ཚིམ་ཡང་ཚིམས། ལྷག་མ་ཡོད་པ་སྐད་གསུངས་པ་དེ་རྗེ་ཞལ་བརྫུན་གསུང་བ་ཡིན་གསུངས་ནས། སྡོད་དུ་མ་ཉན་པར་སོང་བས་ཅུང་ཟད་མ་རྫོགས་པས་འབྲིང་དུ་ཐོབ་པ་ཡིན། ཆོག་ཤེས་པའི་བདུད་བྱ་བ་ཡིན་གསུངས། གདམས་ངག་མ་རྫོགས་པའི་རྟགས་སུ་རྒྱུ་དུས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་ལ་མི་བྱེད་པར་ལྟ་བ་སྡེ་སྣོད་དང་མཐུན་ཟེར། དབང་ཆོག་རྣལ་འབྱོར་དབང་ཕྱུག་གི་ལུགས་ལ་མི་བྱེད་པར་ནག་པོ་པའི་བྱེད། སྒྲུབ་ཐབས་བསྙེན་སྒྲུབ་བཞིས་འཆིང་བ་ལ་མི་བྱེད་པར་མཚོ་སྐྱེས་ལ་བྱེད་པས་སོ། །འོན་ཀྱང་བསྒོམས་པས་ཡོན་ཏན་ཁྱད་པར་ཅན་སྐྱེས་ཏེ། ཐུན་མོང་གི་མངོན་པར་ཤེས་པ་བརྟན་པོའང་ཡོད། ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང༌། རྫུ་འཕྲུལ་གྱི་བཀོད་པ་ཅུང་ཟད་སྤྲུལ་ནུས་པ་དང༌། ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་བ་དང༌། མཁའ་འགྲོ་བྲན་དུ་འཁོལ་བ་ལ་སོགས་པ་བྱུང་སྟེ། བླ་མ་ཞུ་བྱས་ཀྱིས་ཀྱང་ཅི་རིགས་པར་གཟིགས་སྐད། རྗེ་དགོན་པ་བའི་ཞལ་ནས་ཞ་ཆུང་མ་འདི་ལུས་མ་སྤངས་པར་ཚེ་འདི་ཉིད་ལ་གྲུབ་པ་ཐོབ་པ་ཡིན་པ་ལ་ཉམས་དབྱངས་ལ་དགའ་ཆེས་པས་ལམ་གྱི་གེགས་ཅུང་ཟད་བྱས་གསུང༌། སྔར་དམ་པས་རྔ་རྡུངས་ཤིག་པའི་བརྡ་དེ་ཕྱིས་ཀྱི་འགྲོ་ཕན་དང་གྲགས་