[A:༦༢] ནངས་པར་བྱོན་པས། དེའི་ནུབ་མོ་སྐུ་གཤེགས་འདུག་པས་མ་མཇལ། དེར་སྤུར་བཞུ་བ་ལ་སོགས་པ་རྗེས་ཀྱི་བྱ་བ་རྣམས་ཚར་ནས་ཇོ་མོ་ན་རེ། ཇོ་བོ་རང༌། དཔེ་ཆ་འདི་ཚོ་ལྟོས་ལ། དགོས་པ་འདུག་ན་འཚག་གྱིས་གསུངས་ནས་ཤོག་དྲིལ་རྐྱལ་པ་གང་བྱིན་པས། འདི་ཚོ་མི་ཁུར་བར་ཞུ་བྱས་ནས་ཕྱི་རྟེན་གྱི་ནང་དུ་བཞུགས། རྗེའི་ཞལ་ནས་ཡི་གེ་མེད་གསུངས་པ་ལ་ཡི་གེ་འདྲ་བྱུང་ནའང་མི་དགའ། རང་ལ་མ་བྱུང་བའི་གདམས་ངག་འདུག་ནའང་མི་དགའ་སྙམ་ནས་ཚག་མ་བྱས། རེ་རེ་ཙམ་མཐོང་བ་ལ་ཐིག་ལེའི་གཟུགས་སམ། གདན་ནམ། འཁྲུལ་འཁོར་འགའ་རེ་དང་སྔགས་ཀྱི་ཡིག་འབྲུ་འདྲ་ལས་མི་འདུག་གསུང༌། དེ་ལྟར་བླ་ཆེན་གྱི་སྐུ་ཚེའི་སྟོད་ཡན་ཆད་དུ་བཀའ་རྒྱ་མ་ཚར་བའི་སྟོབས་ཀྱིས་ཡི་གེའང་མེད་པས་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ཡིན་ནོ། །དེ་ནས་བཀའ་རྒྱ་ལོ་བཅོ་བརྒྱད་ཐེམས་པ་དང༌། བླ་མ་ཨ་སེང་གིས་ལམ་འབྲས་ཁུངས་ཆོད་ནས། ཉིད་ལ་གསུང་ངག་རིན་པོ་ཆེ་མངའ་བར་གདའ་བ་ལས་སྔར་ང་ལ་ཡོད་ཀྱང་མི་གསུང་བར་འདུག །ད་རེས་ཚར་གཅིག་གསུང་བ་དང་ཡི་གེ་ཞྀབ་པ་ཞིག་ཀྱང་མཛད་པར་ཞུ་གསུང༌། དེར་བཀའ་རྒྱ་ཐེམས་པ་དང་ཁོང་གིས་ཞུས་པར་འཛོམས་པས། བླ་མ་སེས་རྟེན་འབྲེལ་བསྒྲིགས་པ་ཡིན་དགོངས་ནས་ཚར་གཅིག་གསུངས། ལམ་འབྲས་དོན་བསྡུས་མ་དེ་མཛད་ནས་གནང༌། དེ་ནས་ཀྱང་ལོ་བཞིར་མ་གསུངས་པ་ལ་ཕྱིས་འགའ་ཞིག་གིས་གསོལ་བ་བཏབ་ནས་ལམ་རྒྱས་པ་འདི་མི་རེ་ཙམ་ལ་གསུངས། དེ་ནས་རིམ་གྱིས་གསུམ་དང༌། བདུན་དང༌། དགུ་དང༌། ཉེར་ལྔ་དང༌། སོ་བདུན་དང༌། སྐུ་ཚེའི་གཞུག་ལ་མ་ངེས་པ་ལ་གསུངས་སོ། །དེ་དུས་ཐོག་མར་རྡོ་རྗེའི་ཚིག་རྐང་