[A:༦༣]གི་དབུ་ཞབས་གཉིས་དང་བར་དུ་གཉིས་གཉིས་ཏེ་ཚོགས་འཁོར་བཞི་མཛད། ཕྱིས་དབུ་ཞབས་གཉིས་དང་དམ་ཚིག་གི་ཉམས་ཆག་བསྐང་བའི་སྐབས་སུ་དང་གསུམ་དུ་མཛད། ཕྱིས་གཉིས་དང་གཅིག་ཏུའང་མཛད་དོ། །བར་སྐབས་ཤིག་ཏུ་ཁམས་པ་སྒ་ཐེང་བྱ་བ་བླ་མ་ཡུན་རིང་དུ་བསྟེན་པ་ཞིག་གིས་རུ་མཚམས་སུ་ཆོས་འཁོར་ལ་གདན་དྲངས་པ་དང་ཁོང་གིས་ལམ་འབྲས་ཀྱི་ཟིན་བྲིས་ལ་གཟིགས་པས་ཆོས་ཀྱི་གནད་འཁྱུགས་པ་ལས་མི་འདུག །དེར་བླ་མ་ས་ཆེན་གྱིས་དགོངས་པ་ལ་ང་ཤི་ན་ཆོས་འདི་ནུབ་འགྲོ་བར་འདུག་དགོངས་ཏེ། ཁོང་གིས་ཞུས་པའི་དོན་དུ་ལམ་འབྲས་སྒ་ཐེང་མ་ཞེས་བྱ་བ་དེ་མཛད། དེ་ནས་ཞུ་བ་པོ་སོ་སོའི་ངོར་ཞུ་བྱས་མ། ཀློག་སྐྱ་མ་བྱ་བ་ལ་སོགས་པ་མཛད། མདོར་ན་སྔ་ཕྱིར་འགྲེལ་པ་བཅུ་གཅིག་མཛད་པ་ལས་ཐམས་ཅད་ཀྱི་རྗེས་མ་དགེ་བཤེས་གཉགས་ཀྱི་ངོར་མཛད་པའི་གཉགས་མ་ནི་ཚིག་ཉུང་དོན་རྒྱས་ལ་ཚིག་བསྡེབས་ལེགས་ཏེ། འཐད་པར་དགོངས་ནས་དེང་སང་གི་བར་དུ་ཕྱག་དཔེ་མཛད་དོ།།
༈ གཉིས་པ་རྟོགས་པའི་ཡོན་ཏན་ནི། སྡོམ་པ་གསུམ་དང་འགལ་བའི་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་ཤིང་བྱམས་པ་དང་ཐུགས་རྗེས་རྒྱུད་བརླན་པ། དངོས་པོ་གང་ལའང་མི་ཆགས་པ། དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་རྣམས་མཉེས་པར་མཛད་དེ། ནང་རྟེན་འབྲེལ་ཐམས་ཅད་འགྲིགས་པས་ཡི་དམ་གྱི་ལྷའི་ཞལ་གཟིགས་པ་དང༌། ཆོས་ཐམས་ཅད་ལ་མངའ་བརྙེས་པ་དང༌། མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་ལ་ཐོགས་པ་མེད་པ་མངའ་བ་ཡིན་ནོ། །དེའང་གཞོན་ནུའི་དུས་སུ་འཇམ་དབྱངས་བསྒྲུབས་པའི་ཚེ། དང་པོར་བར་ཆད་ཀྱི་ལྟས་ཅུང་ཟད་ཅིག་བྱུང་ནས་མི་གཡོ་བའི་སྒྲུབ་ཐབས་བསྒྲུབས་པས་བར་