[A:༧༨]ནས་ནུབ་ཕྱོགས་སུ་བྱོན་པ་དང་མི་རྣམས་ལངས་ནས་ཕལ་ཆེར་རྗེ་བཙུན་གྱི་རྗེས་ལ་བྱུང༌། འགའ་ཞིག་ལངས་ནས་དེ་ཉིད་ན་འདུག །འོག་ན་གཡང་ས་ཆེར་ཡོད་པའི་ལམ་ཡངས་པ་གཅིག་འདུག་པ་ལ། ཞལ་བྱང་དུ་གཟིགས་ཏེ་བྲག་ཐེམ་ཞིག་ལ་འཛེགས་ཏེ་འདི་ན་ཡར་ཤོག་བྱས་པས་མི་བརྒྱ་ཙམ་ཕྱིས་ནས་ཡར་བྱུང༌། གུང་སྟོན་ལ་སོགས་པ་འགའ་ཞིག་གུང་ཐང་དུ་འགྲོ་ཟེར་ནས་ནུབ་ཕྱོགས་སུ་སོང༌། མང་པོ་ཞིག་ངེད་ཀྱིས་མི་ཐར་ཟེར་དེ་ན་བསྡད་འདུག །མི་དེ་རྣམས་ཀྱི་ནང་ནས་ཕྱག་རྒྱ་ཆེན་པོ་པ་བྱ་བ་རྦབ་ཏུ་ལྷུང་ཟེར་བ། ཤིའམ་བྱས་པས་མ་ཤི་ཟེར། ད་ཁྱེད་རང་རྣམས་ཤོག་གསུངས་ནས་བཞི་པའི་ལམ་བསྟན་ཏེ་དེར་དཔོན་གཡོག་ཐོན་པ་རྣམས་ཡར་བྱོན་པའི་བྱང་ངོས་ན་རི་ཟུར་གཟར་པོ་ཞིག་འདུག ཤར་ངོས་ན་གངས་ཉག་ཅིག་འདུག་པ་ལ་རི་ལ་ལམ་གཉིས་ཡོད་པ་ལ་བྱང་གི་འདི་བླ་ཆེན་གྱིས་བྱང་ཆུབ་སེམས་དཔའ་སྟག་གཏང་བའི་ལམ་ཡིན། ཤར་གྱི་འདི་ཡང་ཞུ་བྱས་བཏང་བའི་ལམ་ཡིན། ཁྱེད་རང་བྱང་གི་ལམ་ལ་འགྲོ་བ་རྣམས་སོང༌། ངས་དེ་ལ་མི་ཐར་བས་ཤར་ལམ་ལ་འགྲོ། ཁྱེད་རང་འགྲོ་བ་རྣམས་ཀྱང་ཤོག་བྱས་ཏེ་སྐས་དེ་ལ་འཛེགས་པ་དང་སུམ་ཅུ་རྩ་དྲུག་ཙམ་ཕྱི་ལ་བྱུང་བ་ལས། སུམ་ཅུ་ཙམ་གྱིས་ཅུང་མི་ཐར་བ་ལ་བཞི་པའི་ལམ་བསྟན་ཏེ། ཕྱིས་ན་ཡར་ཤོག་བྱས་ཏེ་ན་བཟའ་ཐེར་མ་རྐྱང་པ་ཞིག་གསོལ་ནས་བྱོན་པ་དང་གངས་ཉག་དེར་སླེབ། ཕྱི་ལ་ངོ་ཤེས་པ་སྒ་སྟོན་དང་གཞན་ལྔ་དྲུག་ཙམ་སླེབས་འདུག །དེར་ཉག་དེའི་རྒྱབ་ན་ས་ཕྱོགས་དཀར་ལ་ཟླུམ་པ་ཡོད་ཟེར་ནས་སྨྲས་པ་དང་མནལ་སད་དེ། དེའི་དོན་ལ་བསམས་ན་འོག་གི་མི་དེ་རྣམས་སྲིད་པའི་རྒྱ་མཚོ། སྟེང་མ་འཁོར་མང་པོ་འོང་བའི་རྟགས། ལངས་པ་རྣམས་དབང་བསྐུར་བ། གུང་ཐང་དུ་སོང་བ་རྣམས་རེ་ཞིག་འཁོར་བ་ལས་མི་འཐོན་