[A:༧༩]པ། རྦབ་ཏུ་ལྷུང་བ་དེ་ང་ལ་ཁྲོས་པས་དམ་ཉམས་པ། མ་ཤི་བ་དེ་འཆི་ཁར་ངས་དམ་ཚིག་གསོས་པས་ངན་སོང་དུ་མ་ལྷུང་བ། ལམ་ཁར་ལས་པ་ཅུང་ཟད་ལམ་སྒོམ་པ། ལམ་གཉིས་ཀའི་ཁར་ལས་པ་ཅུང་ཟད་རྟོགས་པ་རྙེད་པ། སུམ་ཅུ་ཙམ་གྱིས་མ་ཐར་བ་སྔ་མ་བས་ཅུང་ཟད་རྟོགས་པ་མཐོ་བ། ངའི་ཟླ་ལ་སླེབས་པ་དེ་རྣམས་བཟོད་པ་ཐོབ་པ་སྟེ། སྟག་ལྟ་བུར་ལུས་མ་སྤངས་པར་གྲུབ་པར་ཐོབ་པ་ནི་མི་འོང༌། ཞུ་བྱས་ལྟ་བུའི་བཟོད་པ་ཐོབ་པ་ལྔ་དྲུག་ཙམ་འོང་བར་འདུག་གསུང༌། དགུང་ལོ་ང་དྲུག་པའི་རྨི་ལམ་ན་བླ་མའི་ཞལ་ནས་ངས་ཁྱོད་ལ་ཆོས་བསྟན་པ་ཐམས་ཅད་འདིར་འདུས་པ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དང་པོར་ཆོས་ཉིད་གདན་དུ་བྱས། །འབྱུང་བ་རླུང་ལ་སྦར་འཛིན་བྱ། །གཏུམ་མོའི་མེ་དྲོད་རབ་ཏུ་བསྐྱེད། །བྱང་ཆུབ་ཆུ་རྒྱུན་དབུ་མར་གཞུག །ས་སོགས་འབྱུང་བ་དབང་དུ་འདུ། །ཡེ་ཤེས་ལྔ་ནི་མངོན་གྱུར་ནས། །འཆི་བ་མེད་པའི་གནས་ཐོབ་བོ། །ཞེས་གསུངས་པས་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཐུགས་སུ་ཆུད་དོ། །ལོ་རེ་གཅིག་པའི་ཚེ་མནལ་ལམ་ན་ནེའུ་གསེང་ཞིག་གི་དབུས་ན་བཞུགས་འདུག་པ་དང༌། བུད་མེད་སྔོན་མོ་ཁ་ཅིག་ན་རེ། མཁའ་སྤྱོད་དུ་བྱོན་ཟེར་བ་ལ། ང་ལ་མཁའ་སྤྱོད་ཀྱིས་ཅི་བྱ། སངས་རྒྱས་ཀྱང་སེམས་ཅན་གྱི་དོན་ལས་མེད་པས་མི་འགྲོ་གསུང༌། མདུན་ན་རྡོ་དཀར་འཇམ་ཞིང་འདུག་པའི་དྲུང་ན་འཁོད་ནས་འདིའི་སྟེང་དུ་ཞབས་བཞག་ན་མཁའ་སྤྱོད་དུ་འགྲོ་ཟེར་ཡང༌། ཞབས་མ་བཞག་པ་རྨིས་གསུངས། ལོ་རེ་བདུན་པའི་ཚེ་དབྱུག་པའི་ཟླ་བའི་མཚན་མོ་བླ་ཆེན་ཉིད་ལ་བྱང་སེམས་བརྒྱད་ཀྱིས་བསྐོར་བའི་གཡས་སུ་དགྱེས་རྡོར་ལྷ་དགུ། གཡོན་དུ་ཐུབ་པ་ལ་ཀཽཎྜི་ཎྱ་ལ་སོགས་པ་དགྲ་བཅོམ་བརྒྱད་ཀྱིས་བསྐོར་བའི་