[A:༨༥]གསན་ཅིང༌། རྣལ་འབྱོར་གྱི་རྒྱུད་བོད་དུ་མ་འགྱུར་བ་གསུམ་གསན་ནས་བསྒྱུར་ཞིང༌། གཞན་ཡང་སྔགས་ཀྱི་ཕྲེང་བ་མང་དུ་གསན། དེ་ནས་པཎ་ཆེན་ཡར་བྱོན་ནས་ཉུང་ཆུང་དུ་བཞུགས་པའི་དུས་སུ། རྗེ་པ་ལ་རབ་ཏུ་བྱུང་བར་ཞུས་པས་གནང་སྟེ། དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་པཎ་ཆེན་གྱིས་མཁན་པོ། སྤྱི་བོ་ལྷས་པས་ལས་ཀྱི་སློབ་དཔོན། ཞུ་དོན་མོ་རི་པས་གསང་སྟེ་མཛད་ནས་དགེ་སློང་གི་དགེ་འདུན་དང་བཅས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པ་རྫོགས་པར་མཛད། སྤྱད་བྱ་དང་བསྲུང་སྡོམ་ལ་བརྩོན་འགྲུས་གྱིས་ཤིག་གསུངས་ནས། ཇོ་གདན་ཤིན་ཏུ་ཐུབ་ཞིག་ཆོས་རྗེ་པའི་རྩར་བཞག་ནས་འཕྲལ་གྱི་སྤྱོད་པ་ལ་སྐྱོན་གཏོང་གིན་པ་ཞིག་བྱུང་སྐད་དོ། །དེ་ནས་བཟུང་སྟེ་མཁན་པོ་དེ་ཉིད་ལ་ཚད་མ་རྣམ་འགྲེལ། རིག་ཐིག །རྒྱུད་གཞན། གྲུབ་པ་རྒྱན། ཆོས་མཆོག །སེལ་བ་བརྟག་པ་ལ་སོགས་པ་ཕྲན་དང་བཅས་པ་གསན། ཤེར་ཕྱིན་ལ་བདུན་བརྒྱ་པ་ཕྱོགས་གླང་གི་དོན་བསྡུས། མངོན་རྟོགས་རྒྱན་རྩ་རྐྱང་གི་བཤད་པ་ལ་སོགས་པ་གསན། མངོན་པ་ལ་ཐེག་བསྡུས། རྣམ་བཤད་རིག་པ། ཉི་ཤུ་པ་དང༌། སུམ་ཅུ་པ་ལ་སོགས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་རྩེགས་པ་དབང་ཕྱུག་སེང་གེ་ལ་དབུ་ཚད་དང་བྱམས་ཆོས་རྣམས་ལེགས་པར་གཏུགས་ཤིང༌། ཞུ་ཧུལ་ལའང་རིགས་ཚོགས་དང་རང་རྒྱུད་ཅི་རིགས་པར་གསན། འདུལ་བ་ལ་སོ་ཐར་མདོ་རྩ་འོད་ལྡན་ལ་སོགས་པ་དང༌། གསང་སྔགས་ལ་དུས་འཁོར་རྒྱུད་འགྲེལ་ཆ་ལག་དང་བཅས་པ། གསང་འདུས་འཕགས་པ་དང༌། ཡེ་ཤེས་ཞབས་སྐོར་གཉིས། བདེ་མཆོག་རྣམས་དབང་འགྲེལ་པ་མན་ངག་དང་བཅས་པ་ཅི་རིགས་པར་གསན། དེའི་