[A:༨༦]རྗེས་སུ་སྤྱི་བོ་ལྷས་པ་ལ་བརྒྱད་སྟོང་པ་རྩ་འགྲེལ། ཉི་ཁྲི་འགྲེལ་ཆེན། མངོན་པ་ཀུན་ལས་བཏུས། བཀའ་གདམས་གདམས་ངག་གི་སྐོར། གསང་འདུས་རིམ་ལྔ། ནཱ་རོ་ཆོས་དྲུག །དབུ་མ་ཆེན་པོ། བྱ་སྤྱོད། གཅོད། ཞི་བྱེད། རྫོགས་ཆེན་ལ་སོགས་པ་མང་དུ་གསན་ཏེ། མདོར་ན་རིག་པའི་གནས་ལྔ་མཐར་སོན་པས་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་པ་ཡིན་ནོ། །མངོན་པར་རྟོགས་པའི་ཡོན་ཏན་ཡང༌། མནལ་ལམ་དུ་གཞན་ལས་ཆོས་ཀྱི་སྒོ་མང་པོ་གསན་པ་དང༌། སྤྱན་རས་གཟིགས་དང༌། སྒྲོལ་མ་དང༌། འཇམ་དབྱངས་དང༌། མི་གཡོ་མགོན་པོ་ལ་སོགས་པ་མངོན་སུམ་དུ་གཟིགས་ཤིང་དབུགས་ཕྱུང་ནས་ཆོས་ཀྱི་སྒོ་དུ་མ་བསྟན་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཆོས་དུ་མ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་བསྙུང་བའི་དུས་ནའང་འཇམ་དབྱངས་དང༌། ཀླུ་སྒྲུབ་དང༌། ཞི་བ་ལྷ་ལ་སོགས་པ་རྣམས་ཀྱི་བསྙུན་གསོས་མཛད་པའི་སྣང་བ་བྱུང་བ་དང༌། བོ་དོང་རིན་པོ་ཆེ་ལ་སོགས་པ་དག་པའི་གདུལ་བྱ་འགའ་ཞིག་འཇམ་དབྱངས་དང་དབྱེར་མེད་པར་མཐོང་ཞིང་ངེས་པ་རྙེད་ལ། གཞན་ཡང་གསང་བའི་གནས་པ་ལྟར་མི་མངོན་པ་དང༌། དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང༌། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་གཡས་སུ་འཁྱིལ་བ་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་ནོ། །མངོན་ཤེས་ཀྱང་མངའ་སྟེ་བྱང་ངོས་འབྱོན་པའི་དུས་སུ་ཤིང་མོ་སྦྲུལ་གྱི་ལོ་སྟོན་ཟླ་འབྲིང་པོ་ཤར་བ་དང་ཕྱགས་ཕེབ་ནས་བགྲང་བའི་ལོ་གཅིག་གི་གོང༌། ལྕགས་ཕོ་ཁྱིའི་སྟོན་ཟླ་ཐ་ཆུང་ཤར་བ་ན་དྲུང་ན་འདུག་པ་འགའ་ཞིག་ལ་ལྕགས་ཕག་ལ་ཞིང་གཞན་དུ་གཤེགས་གསུང་བ་ཐོག་ཏུ་ཕེབ་པས་སོ། །མཛད་པ་ཕྲིན་ལས་ལའང་འཆད་པའི་ཚེ་རྣམ་བཤད་རིགས་