[A:༨༨]ལས་བདག་མ་གྲོལ། །སྐྱེ་བ་ཀུན་ཏུ་སྐྱེ་བར་སྐྱེ་འགྱུར་བའི། །སྐྱེ་ངན་བདག་གིས་སྐྱེ་བའི་སྐྱབས་མཛོད་ཅིག །གྱིས་ལ་གསོལ་བ་ཐོབ་གསུངས་པས། འོ་ན་རྒ་བ་ལ་སོགས་པ་ལའང་དེ་བཞིན་སྦྱར་བས་མཆི་བར་མི་གདའ་ཡེ་ཟེར། འོ་ན་གོ་འདུག་བསམ་སྟེ། དེ་བཞིན་དུ་ཡོང་བར་འདུག་གསུངས་པས། ཕྱག་རེ་བཙལ་ནས་ཐུགས་ལ་བཏགས་ཟེར་སོང་བ་རྨིས་ཏེ། མནལ་སད་དེ་བསམས་པས་དེ་བཞིན་འོང་བར་འདུག་གསུང་སྐད་དོ། །རྩོད་པའང་རང་གཞན་གྱི་གཞུང་ལུགས་ལ་མཁས་པས་ཚིག་ཟུར་ཕྱིན་པ་དང༌། མི་འཇིགས་པ་དང༌། བརྟན་པ་དང༌། མཐུན་པར་བྱེད་པ་སྟེ་སྨྲ་བའི་རྒྱན་བཞི་དང་ལྡན་པས་གཏམ་གྱི་ཉེས་པ་མཐའ་དག་སྤངས་ཏེ་རང་ཕྱོགས་སྒྲུབ་པ་དང༌། གཞན་ཕྱོགས་ལེགས་པར་སུན་འབྱིན་པའི་སྒོ་ནས་ཕས་རྒོལ་གྱི་ལོག་པར་རྟོག་པ་རྣམས་བསལ་ཏེ་ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་ལ་བློ་ཁྲིད་པར་མཛད་པས། རིག་པའི་གནས་ལྔ་ལ་ཆེས་ཆེར་མཁས་པར་རློམ་པ་དག་གིས་ཀྱང་སྤོབས་པ་ཡོངས་སུ་གཏུགས་པར་མཛད་པ་ཞིག་སྟེ། དེའང་ཆོས་རྗེ་པས་མཛད་པའི། ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་སོགས་སློབ་མ་ཞིག་གིས་རྒྱ་གར་དུ་བསྒྲགས་པས། དེའང་ཆོས་རྗེ་ཉིད་སྐྱིད་གྲོང་ན་བཞུགས་པའི་ཚེ། དབང་ཕྱུག་དང་ཚངས་པ་ལ་ལྷར་བྱེད་པའི་དྲང་སྲོང་རྒྱས་པ་དང༌། སེར་སྐྱ་དང༌། གཟེགས་ཟན་ལ་སོགས་པའི་རྗེས་སུ་འབྲང་བའི། འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕྱི་རོལ་པའི་སྟོན་པ་དྲུག་གིས་ཁོ་བོ་ཅག་ཁ་བ་ཅན་གྱི་ལྗོངས་སུ་སོང་ལ། དེ་ན་གནས་པའི་སྐྱེ་བོ་གོའུ་ཏ་མའི་དགེ་སྦྱོང་དུ་ཁས་འཆེ་བ་བུད་མེད་ཀྱི་བརྟུལ་ཞུགས་འཛིན་ཅིང་ལྟ་བ་དང་སྤྱོད་པ་ངན་པ་ལ་ཞེན་པ་དེ་དག་བཟློག་པར་བྱའོ་ཞེས་དམ་བཅས་པ་དེ་