R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༨༩
[A:༨༩]དག་དེར་ལྷགས་ནས་སངས་རྒྱས་པའི་རྟེན་དང་ཆོས་རྗེ་ཉིད་ལ་ཕྱག་མི་འཚལ་བར། བདེ་ལེགས་དང་བསྔགས་པར་འོས་པའི་ཚིགས་བཅད་རེ་རེ་ཙམ་བཏོན་ནས། གྲལ་ལ་འཁོད་པ་ན་འདི་སྐད་སྨྲ་སྟེ། ངེད་ཀྱི་རིགས་ཐམས་ཅད་ཀྱིས་བླ་མ་ཚངས་པ་ནས་བརྩམས་ཏེ་དེང་སང་གི་བར་དུ་གཽ་ཏ་མའི་བསྟན་པ་ལ་མི་ལྟོས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མ་མྱོངས་པས་དྲང་སོང་གི་རིགས་རྣམ་པར་དག་པ་ཁོ་བོ་ཅག་ཡིན་ཞེས་སྨྲ་བར་བྱེད་དོ། །དེ་དུས་ཆོས་རྗེས་པས་གསུངས་པ་ནི། ཚངས་པ་དེ་ནི་སྟོན་པ་ལ་གུས་པ་ཡིན་ན་འོན་ཀྱང་དེ་གཏི་མུག་ཆེ་བས་གཉིད་ཀྱིས་ནོན་པ་མིན་ནམ། ཇི་སྐད་དུ། རབ་མཆོག་ལག་པ་བཞི་པ་བཅུ་དྲུག་ཕྱེད་ཕྱེད་ཕྱོགས་ཀྱི་གདོང་པ་ཅན། །བཟླས་དང་ངེས་པའི་ཆོ་ག་ཤེས་ཤིང་ངེས་བརྗོད་རིག་བྱེད་འདོན་པ་པོ། །དྲི་མ་མེད་པའི་པདྨའི་སྐྱེ་གནས་ཚངས་པ་དེ་ཡང་གཉིད་ལོག་གྱུར། །ཅེས་དང༌། ཁོ་བོའི་སྟོན་པ་སྟོབས་བཅུ་མངའ་བ་དེ་ནི་རྟག་ཏུ་རབ་ཏུ་སྔ་བ་ཉིད་དུ་ནམ་ལངས་པའོ། །ཞེས་རབ་ཏུ་སྔ་བར་ནམ་ལངས་པའི་བསྟོད་པ་ལས་འབྱུང་བའི་ཚིག་དོན་གསུངས་པ་དང༌། དེ་དག་མ་རངས་ནས་རྩོད་པའི་གཏམ་རྒྱ་ཆེར་བྱེད་པའི་སྐབས་དེ་ཉིད་དུ། རྒོལ་བ་དེ་དག་རེ་རེ་ནས་སུན་ཕྱུང་བས། མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པས་ཁེངས་པ་དྲུང་ནས་ཕྱུང་སྟེ་ལྟ་བ་ངན་པའི་སེམས་ཀྱི་དྲི་མ་བསལ་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ་སླར་རྒྱ་གར་དུ་ལོག་པས་རྒྱ་གར་ཤར་ནུབ་ཀུན་ལ་ཆོས་ཀྱི་རྗེ་ལ་སྨྲ་བའི་ཁྱུ་མཆོག་ཏུ་གྲགས་སོ། །རྩོམ་པ་ལ་སྒྲའི་ཕྱོགས་ལ་ཤེས་རབ་འཕྲོ་བ་དང༌། སྒྲ་ལ་འཇུག་པཚད་མ་ལ་རིགས་གཏེར་རྩ་འགྲེལ། སྡེབ་སྦྱོར་ལ་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ། སྙན་ངགས་ལ་མཁས་པའི་ཁ་རྒྱན་དང༌། བདེ་