[A:༤༣༤]འཛིན། དེ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ་རིགས་དང་དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔའ་བཟང་པོ། དེས་བདག་འཇམ་དབྱངས་བློ་གཏེར་དབང་པོ་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་སྩལ་བའོ།། །།ཡང་བརྒྱུད་པ་གཉིས་པ་ཡབ་རྗེ་འཇམ་དབྱངས་ཆོས་རྗེ་ནས་བརྒྱུད་པ་ཐུན་མོང་མ་ཡིན་པའི་ལུགས་གཅིག་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་སྔར་ལྟར་ལ། དེ་ནས་རིན་ཆེན་སྒང་པ་སྒོས་ཀྱི་དཔོན་པོ་བླ་ཆེན་ཀུན་དགའ་རྒྱལ་མཚན། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན་མན་འདྲའོ། །བརྒྱུད་པ་གསུམ་པ་ནི། བླ་མ་དམ་པ་ནས། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། བདག་ཆེན་མན་སྔར་དང་འདྲའོ།། །།དེ་ལྟར་བདག་ཆེན་ལ་གསུང་ངག་གི་བརྒྱུད་པ་གསུམ་ལྡན་པ་ལས། སྔ་མ་གཉིས་སློབ་བཤད་ཐུན་མོང་མ་ཡིན་པའི་ལུགས་སུ་གནས་ཤིང༌། ཕྱི་མ་ནི་ཚོགས་སློབ་ཐུན་མོང་པ་ཙམ་མོ། །ཞེས་བདག་གི་བླ་མས་གསུངས། ཡང་ཉེ་བརྒྱུད་ལྟར་ན། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ས་ཆེན་མན་སྔར་ལྟར་རོ།། །།དེ་ལྟར་བརྒྱུད་པའི་རིམ་པ་སྤྱིར་སྨོས་ནས། བྱེ་བྲག་སོ་སོའི་བརྒྱུད་པ་ལ། ཐོག་མར་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ནི། བིརྺ་པ་ནས་བཟུང་ཀྱེ་རྡོ་རྗེ་མན་ངག་ལུགས་དང་འབྲེལ་བར་བྱུང་བའི་བརྒྱུད་པ་ནི་ལམ་འབྲས་རྩ་བའི་བརྒྱུད་པ་དང་མཐུན་ལ།