[A:༤༤༨]གཞན་ལ་ལྟོས་མི་དགོས་པའི་ཆ་རྐྱེན་ལམ་ཟབ་མོ་བླ་མའི་རྣལ་འབྱོར། དེ་ཐམས་ཅད་རྒྱབ་རྟེན་ལུང་ཚད་མ་དང་སྦྱར་བའི་སྐབས་ལུང་ཚད་མ་གསུང་ངག་རིན་པོ་ཆེ་འདི་ཉིད་དང་མདོར་བསྡུས་ཏེ་སྦྱར་བ། གསུང་ངག་རིན་པོ་ཆེ་ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ། གསུང་ངག་རིན་པོ་ཆེ་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་སྟེ་ལུང་སྦྱོར་གསུམ། བླ་མ་ཚད་མ་དང་སྦྱར་བའི་སྐབས་བླ་མ་བརྒྱུད་པ་རྒྱ་གར་བའི་ལོ་རྒྱུས་ཞེས་པ་རྣལ་འབྱོར་དབང་ཕྱུག་གི་རྣམ་ཐར། བོད་རྣམས་ཀྱི་ལོ་རྒྱུས་ཞེས་པ་རྗེ་འབྲོག་མི་ནས་ས་ཆེན་བར་གྱི་རྟོགས་བརྗོད་མདོར་བསྡུས་རྗེ་བཙུན་གྱིས་མཛད་པ་སྟེ། འདི་ཡན་གྱིས་ལམ་འབྲས་གླེགས་བམ་ཆོས་ཚན་དྲུག་ཅུ་ཞེས་པ་དེ་ཚང་བ་ཡིན་ལ། ཆོས་སྣ་དྲུག་ཅུར་དངོས་སུ་མི་གཏོགས་ཀྱང་གླེགས་བམ་འདིར་ངེས་པར་བཞུགས་དགོས་པ་བཀའ་ཡང་དག་པའི་ཚད་མ་ལུང་འདི་ཉིད་དང་སྦྱར་བ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་མཇུག་ཏུ། འདི་བདག་ཅག་སྤུན་གཉིས་དང༌། བཀའ་ལུང་པ་དང༌། རྨོག་སྟོན་དང་བཞིས་ཞུས་པ་ལགས་ཞེས་ཡོད་པ་སྟེ། ཆོས་ཚན་དྲུག་ཅུ་རྩ་གཅིག་ལས། ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཆོས་སྣ་བདུན་པོ་མ་གཏོགས། ཆོས་ཚན་ལྷག་མ་ལྔ་བཅུ་རྩ་བཞི་མཆན་དང་བཅས་པའི་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཆེན། སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་རིན་པོ་ཆེ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་