R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༡༩
[A:༤༡༩]ཀུན་མཆོག་ལྡན་སྟོང་ཉིད་རྡོ་རྗེ་དང༌། །འཕོ་བྲལ་བདེ་ཆེན་བཅུ་དྲུག་མཉམ་སྦྱར་ལས། །ཞི་དང་ཁྲོ་སོགས་རིགས་བརྒྱའི་ཟློས་གར་མཁན། །རབ་འབྱམས་ཡི་དམ་ལྷ་ལ་ཕྱག་བགྱིའོ། །ཚོགས་གཉིས་ཁུར་དུད་འཁོར་ལོ་རྣམ་གསུམ་གྱི། །ཕྲིན་ལས་འདོད་འཇོ་ལྗོན་ཤིང་ལྟ་བུར་བཙུགས། །འགྲོ་སྒྲོལ་དམ་བཅའ་ནམ་ཡང་མི་བསྙེལ་བའི། །ཡོངས་འཛིན་བླ་མ་རྣམས་ཀྱིས་ཤིས་པ་སྩོལ། །རྒྱལ་བ་འཇིག་རྟེན་བྱོན་པ་ཆེས་དཀོན་ཅིང༌། །དེ་ལས་རྡོ་རྗེ་ཐེག་པ་དཀོན་པའི་མཆོག །དུས་མཐའ་འདིར་ཡང་གསང་སྔགས་འཛམ་བུའི་གསེར། །སྤྱོད་པའི་བློ་ལྡན་སྐལ་བཟང་དཔེ་ཟླ་མེད། །ཟབ་མོའི་གསང་བ་ཀླུ་རྒྱལ་གཙུག་གི་ནོར། །སྲོག་གི་དྭངས་མ་བཞིན་དུ་གཟུང་འོས་པས། །དུས་དང་གང་ཟག་དམན་ཀྱང་ངལ་བ་བརྒྱས། །ལྷག་བསམ་བསྟན་འགྲོ་ཡོངས་ལ་བསྐྱེད་ནས་བསྒྲུབས། །