R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༢༠
[A:༤༢༠]དེ་ཕྱིར་ཡོངས་འཛིན་ཟླ་ཤེལ་ཕྲེང་བ་ཡིས། །ཞི་བསིལ་སྨིན་གྲོལ་བདུད་རྩི་གང་སྩལ་བ། །བརྗེད་ངས་འཇིགས་པའི་དགྲ་འདིས་འབོར་དོགས་ནས། །སྲུང་བྱེད་ཡི་གེའི་བུམ་བཟང་གསར་དུ་བསྐྲུན། །ཞེས་ཚིག་གི་མེ་ཏོག་ཉུང་ངུ་འཐོར་བས་མདུན་བསུས་ཏེ། གང་ཞིག་བརྗོད་པར་བྱ་བའི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་གྱི་བླ་མ་བརྒྱུད་པའི་རིམ་པ་འབྲི་བ་ལ་དོན་གསུམ་སྟེ། བཤད་བྱ། འཆད་བྱེད། ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྤྱི་དང༌། བྱེ་བྲག་གོ །དང་པོ་ནི། བདག་ཅག་གི་སྟོན་པ་ཤཱཀྱ་སེང་གེ་དེ་ཉིད་ཀྱིས་གདུལ་བྱ་རིགས་ཅན་གསུམ་ལ་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང༌། དེ་དག་གི་དགོངས་པ་འགྲཻལ་བྱེད་འཕགས་ཡུལ་དུ་པཎ་གྲུབ་དུ་མར་བྱོན་ནས་མདོ་སྔགས་གཙོར་གྱུར་བསྟན་བཅོས་མཐའ་ཡས་པ་ཞིག་མཛད་པའི་ནང་ནས། མཆོག་ནི་ཐེག་ཆེན་ལམ་གྱི་ཟབ་རྒྱས་ཤིང་རྟའི་སྲོལ་འབྱེད་གཉིས། དེ་ལས་ཀྱང་འབྲས་བུའི་ཐེག་པ་སེམས་འགྲེལ་སྐོར་གསུམ། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ལམ་སྐོར་དགུ་ལ་སོགས་པ་སྔགས་བླ་མེད་ཀྱི་སྨིན་གྲོལ་སྟོན་པའི་གཞུང་བཟང་རྣམས་ཏེ། མདོར་ན་སངས་རྒྱས་ཀྱི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའོ། །གཉིས་པ་ནི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་སློབ་དཔོན་ཆོས་སྐྱོང་ཞབས་སམ། རྣལ་འབྱོར་དབང་ཕྱུག་བིརྺ་པས་ཡེ་ཤེས་ཀྱི་མཁའ་འགྲོ་མའི་གདམས་ངག་ལ་བརྟེན་ནས་ལེགས་པར་བཀྲལ་བ། ཐེག་གསུམ་རྒྱུད་སྡེ་བཞི་དང་བཅས་པའི་དགོངས་