[A:༥༠༩]ལུང་རྒྱུན་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་བཞུགས་སོ། །ལམ་ཟབ་ནང་མ་དང་བིར་སྲུང་ནང་མ་སོགས་བྱིན་རླབས་སྐོར་ཡོངས་རྫོགས་ཚོགས་སློབ་གཉིས་ཀའི་ཐུན་མོང་བ་ཡིན་པ་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དང་གོ་དོན་ལ་དཔྱད་ན་ཤེས་པས། དེང་སང་ཚོགས་བཤད་ལ་ལམ་ཟབ་ཕྱི་མ་དང༌། བིར་སྲུང་ཐུན་མོང་བ་ཙམ་ལས་གཞན་མི་གནང་བ་ནི་ཕྱག་ལེན་སླ་ཆོས་ཀྱི་ཤན་ཤོར་བ་ལ་སློབ་བཤད་ཟབ་མོའི་ཁྱད་ཆོས་ཁོ་ན་ཡིན་པར་མ་སེམས་ཤིག །དེ་ལྟར་གོང་དུ་ཇི་སྐད་བཤད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཚོགས་བཤད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པ་མ་ཚང་བ་མེད་པར་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང༌། རྣལ་འབྱོར་འཇམ་དཔལ་བཟང་པོ་མཆེད་ཞལ་ལས། བདག་ཅག་གི་རྩ་བའི་རིགས་བདག་ཐུགས་རྗེ་དང་སྡོམ་པ་གསུམ་གྱི་བཀའ་དྲིན་མཚུངས་མེད་ཡི་དམ་དགེས་མཛད་རྡོ་རྗེ་དང་གཉིས་སུ་མ་མཆིས་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཤིང༌། དེ་ལས་དངོས་སློབ་དང་ཡང་སློབ་ཀྱི་ཚོགས་མཐའ་ཡས་པར་གྱེས་པ་ནས་རང་རང་གི་ཐོབ་ཡུལ་གྱི་བརྒྱུད་ཁུངས་འདེད་དེ་ངོས་ཟིན་པར་བྱ་བ་ལས། འདིར་བདག་གིས་བརྗོད་པའི་སྐབས་སུ་མ་བབས་སོ།། །།སླར་སྨྲས་པ། ཐེ་ཚོམ་རྐང་པ་རིང་པོའི་གོམ་སྟབས་ཀྱིས། །རྣམ་དཔྱོད་ཡངས་པའི་ཐང་ཆེན་གཞལ་བ་འགའ། །ཚུལ་མིན་ནམ་མཁའ་འདོམ་གྱིས་འཇལ་མཚུངས་པས། །ངེས་ཤེས་རིན་ཆེན་སྒྲོན་མེ་འདི་བྱས་སོ། །རྡོ་རྗེ་འཆང་དབང་གསུང་གསང་དཔྱིད་ཀ་ལས། །ལེགས་བྱུང་ཨུཏྤལ་ནགས་སུ་བུང་བ་བཞིན། །གྲུབ་པ་རྣམས་ཀྱིས་