[A:༥༠༨]དབང་ལེགས་གྲུབ་ཀྱི་པུསྟི་ལྔ་ཙམ་སོགས་གོང་མ་མཁས་གྲུབ་རྣམས་ཀྱི་བཀའ་འབུམ་པོད་ཤིན་ཏུ་མང་པོའི་ལུང་རྒྱུན་བཞུགས་ཤིང༌། དེ་དག་གི་ནང་དུ་སྤྱིར་རང་གཞན་གྱི་ཉེར་མཁོ་ཅི་རིགས་པ་དང༌། ཁྱད་པར་ས་སྐྱ་བཀའ་འབུམ་དུ་གསུང་ངག་རིན་པོ་ཆེ་ཉམས་སུ་ལེན་པའི་གང་ཟག་ལ་དགོས་གལ་ཆེ་བ་ཀུན་ཏུ་དགོས་པའི་གཞུང་བདུན་ནམ་བཅུ་གསུམ། ལས་དང་པོ་པ་ལ་དགོས་པའི་ཆོས་སྣ་བདུན་ནམ་བཅུ་བཞི། སྦས་པའི་རྣལ་འབྱོར་པ་ལ་དགོས་པའི་ཆོས་སྣ་བཅུ་བཞི་རྣམས་དང༌། ངོར་ཆེན་བཀའ་འབུམ་དུ་ཟླ་ཟེར། ཆོས་འབྱུང་བསྟན་པ་རྒྱས་པའི་ཉི་འོད། རྒྱུད་གསུམ་གནོད་འཇོམས་རྩ་འགྲེལ། ལུས་དཀྱིལ་རྩོད་སྤོང༌། ཚོགས་འཁོར། གཏོར་ཆོག་འགྲེལ་པ་རྣམས་དང༌། ཀུན་མཁྱེན་བཀའ་འབུམ་དུ་མན་ངག་རྣམ་བཤད། ལུས་དཀྱིལ་དང་དབང་ཆུའི་རྣམ་བཤད། དཀོན་མཆོག་ལྷུན་གྲུབ་བཀའ་འབུམ་དུ་ལམ་རིམ་སྨོན་ལམ། སྣང་རྒྱུད་མཛེས་རྒྱན། དབང་གི་མཚམས་སྦྱོར་རྒྱས་བསྡུས། ཚུལ་ལྗོན་མཛེས་རྒྱན། གོང་མའི་དགོངས་རྒྱན་སོགས་བཞུགས་པར་དོན་གཉེར་གྱིས་ལུང་བླང་ཞིང་ཐོས་བསམ་ལ་སྒྲོ་འདོགས་ཆོད་པའི་འབད་རྩོལ་མི་དམན་པ་གནད་དུ་ཆེ་ཞིང༌། ལུང་བརྒྱུད་ཀྱང་སོ་སོའི་བཀའ་འབུམ་བཞིན་ཤེས་པར་བྱའོ། །ལར་གསུང་ངག་ལམ་འབྲས་ཀྱི་ཁྲིད་གཞུང་སྔར་དུས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་སྣང་རྒྱུད་སོགས་ཡིག་ཆའི་སྟེང་ནས་གནང་བའི་སྲོལ་འབའ་ཞིག་ལས་གཞན་མ་མཆིས་མོད། ཕྱིས་སུ་དུས་སྐལ་ལ་ལྟོས་པའི་ཅུང་ཟད་སླ་ཆོས་ལྟ་བུར་ངག་ཆོས་ཀྱི་ཡིག་ཐོག་ནས་གནང་བ་ཤས་ཆེ་ཞིང༌། དེ་ལས་ཀྱང་རེས་འགའ་ཐུབ་བསྟན་མཁན་ཆེན་ངག་དབང་བསྟན་རྡོར་གྱི་སྣང་རྒྱུད་སྟེང་ནས་གནང་མཁན་ཡང་ཡོད་དོ། །རྟ་ར་བ་ཀུན་དགའ་ལེགས་གྲུབ་ཀྱི་ལམ་འབྲས་པོད་སྔོན་དང༌། དེ་གཉིས་ཀའི་