R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A):
[A:༢] ༄༅༅། །གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་སྤྱིའི་རྣམ་ཐར་གྱི་འཕྲོས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །༄༅། །ཨོཾ་སྭ་སྟི། ཕུན་ཚོགས་དགེ་ལེགས་ཀུན་གྱི་ཡིད་བཞིན་གཏེར། །དབང་གི་རྒྱལ་པོ་རྩ་བརྒྱུད་བླ་མ་ལ། །གུས་པས་བཏུད་ནས་ང་ཡི་བརྒྱུད་དོན་བྲི། །བྱིན་རླབས་དངོས་གྲུབ་གྲུ་ཆར་དེང་འདིར་སྩོལ། །འདིར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གཏན་ལ་འབེབས་པ་ལ། ཐོག་མར་མན་ངག་གི་བྱུང་ཚུལ། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ། སྒྲུབ་པ་མཐར་ཕྱིན་ནས་གཞན་དོན་བྱ་ཚུལ་དང་གསུམ་ལས། དང་པོ་ལ། བླ་མ་སྤྱིའི་ལོ་རྒྱུས་དང༌། སོ་སོའི་ལོ་རྒྱུས་གཉིས་ལས། དང་པོ་ལ་ལམ་འབྲས་གླེགས་བམ་ན་བཞུགས་པའི་བླ་མ་རྒྱ་བོད་ཀྱི་ལོ་རྒྱུས། དམར་གྱིས་ཞིབ་མོ་རྡོ་རྗེ་བར་སྟོན་གྱིས་མཛད་པའི་ལོ་རྒྱུས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་ངོ་མཚར་སྣང་བ། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་དེའི་ཁ་བསྐང་མཁས་མཆོག་གུང་རུས་མཛད་པ་དང༌། གོ་རམ་བསྟན་པའི་ཉི་མ་བསོད་ནམས་སེང་གེས་མཛད་པ་དང༌། མངའ་རིས་པ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་ལམ་འབྲས་ཆོས་འབྱུང༌། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པ། དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ཆོས་འབྱུང་རྒྱས་བསྡུས་སོགས་སྤྱིའི་རྣམ་ཐར་རྣམས་དང༌། གཉིས་པ་སོ་སོའི་རྣམ་ཐར་ནི། རྗེ་ས་སྐྱ་པ་ཆེན་པོའི་རྣམ་ཐར་ནས་བརྩམས་ཏེ། རྩ་བའི་བླ་མའི་བར་གྱི་རྣམ་ཐར་པུསྟི་ལོགས་ན་བཞུགས་པའི་ལུང་མཛད་པ་དེ་ཡིན། འདིར་སྤྱིའི་ལོ་རྒྱུས་སམ། ཆོས་འབྱུང་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་མཇུག་མ་རྫོགས་པ་འཕྲོ་ཅན་དུ་ཡོད་ཅིང༌། དེ་ལ་གསུམ་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱིས་དར་བར་བྱས་ཚུལ་ནི་ཞེས་པ་མན་གྱི་ཁ་བསྐང་རྗེ་བཙུན་གུང་རུ་དང༌། ཀུན་མཁྱེན་གྱིས་མཛད་པ་གཉིས་ཡོད་པ་ལས། འདིར་ཡང་དེའི་འཕྲོས་ཁ་བསྐང་བ་སྟེ།