[A:༣] རྗེ་རྡོ་རྗེ་འཆང་ཡན་གྱི་རྣམ་པར་ཐར་པ་རྣམས་དེང་སང་ཕྱོགས་གཅིག་ཏུ་ལུང་བྱེད་པ་ཤས་ཆེ་ཞིང༌། དེ་མན་ཚང་འགྲིག་དཀའ་བར་འདུག་པས། འདིར་མདོར་བསྡུས་ཏེ་བརྗོད་ན། སྤྱིར་སྔོན་ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་སོགས་འབྱུང་བ་ཡིན་ནའང༌། དེང་སང་ས་ལུགས་མ་གཏོགས་གཞན་ཆེར་མི་སྣང༌། ས་ལུགས་འདི་ལས་ས་སྐྱ་འཁོན་གྱི་གདུང་བརྒྱུད་རྣམས་དང༌། བསྟན་འཛིན་ངོར་རྫོང་ཚར་གསུམ་སོགས་མཁས་གྲུབ་མང་པོའི་རྣམ་པར་ཐར་པའི་ལེགས་བྱས་དཔག་མེད་སྣང་མོད། འདིར་སྐབས་སུ་བབས་པ། རྒྱལ་བས་ལུང་བསྟན་པ། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ། རྒྱལ་བ་གཉིས་པ་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་གསལ་བ་དེ་ཉིད་ཀྱི་ཕྲིན་ལས་རྒྱུན་མའི་གཙོ་བོ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱི་གདན་ས་པ་རིམ་ཕེབས་རྣམས་ཀྱིས་གསུང་ངག་རིན་པོ་ཆེ་འཛིན་སྐྱོངས་སྤེལ་གསུམ་མཛད་པའི་རི་མོ་ཅུང་ཟད་ཅིག་སྤེལ་བ་ལ། རྗེ་རྡོ་རྗེ་འཆང་རྒྱལ་བས་ལུང་བསྟན་ཚུལ། རྒྱ་བོད་དུ་བསྟན་པ་ལ་བྱ་བ་བྱས་ཚུལ་སོགས་རྣམ་ཐར་མང་པོའི་བཅུད་བསྡུས་པ། ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཞེས་བྱ་བ་སྔར་བཀོད་ཟིན་པའི་འཕྲོས་དོན་ལ། རྗེ་བླ་མས་བྱ་ལོ་ལ་དགོན་གནས་བཏབ་ནས་དགུང་ལོ་དོན་ལྔའི་བར་འགྲོ་དོན་མཛད་ཅིང༌། གདན་ས་གློ་བོ་སོགས་སྔ་ཕྱི་ཀུན་དྲིལ་བས་ལམ་འབྲས་ཀྱང་ཚར་བརྒྱད་ཅུ་གྱ་གསུམ་ཙམ་སོང་ཞིང༌། དེ་ལ་སོགས་པའི་རྣམ་པར་དཀར་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་སྟེ། རྗེ་མུས་པས་མཛད་པ། གུ་གེ་པཎ་ཆེན། སངས་རྒྱས་རྒྱལ་མཚན། སྲད་པ་ཀུན་བློ། གུ་གེ་ཆོས་དཔལ་བཟང་པོ་སོགས། སློབ་མ་རྣམས་ཀྱིས་མཛད་པའི་ཡི་གེ་རྣམས་དང༌། དེ་ཐམས་ཅད་ཀྱི་སྡུད་པ་ཁོ་བོས་བྲིས་པའི་རྣམ་ཐར་ལེགས་བཤད་རྒྱ་མཚོར་ཤེས་པར་བྱའོ། །དེ་ནས་གདན་རབས་རིམ་པར་བརྗོད་པ་ནི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་