R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༥༡
[A:༥༡]པ་བ་སངས་ལྷུན་ཞུ་བར་དགེ་བསྙེན་གྱི་སྡོམ་པ་ནོས། མིང་ལ་སངས་རྒྱས་ཕུན་ཚོགས་གནང༌། ལོ་བཅུ་དྲུག་པར་མཁས་བཙུན་དམ་པ་ཀུན་དགའ་ལེགས་པ་ལས་རབ་ཏུ་བྱུང་ཆོས་མང་དུ་ཐོབ། གཉག་སྟོན་ཕུན་ཚོགས་རྡོ་རྗེས་གཅོད་སོགས་གནང༌། ཉེར་གཅིག་པར་ཨེ་ཝཾ་དུ་སླེབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། གཞན་ཡང་སྔ་ཕྱིར་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་ཙམ་བསྟེན། ཐོས་པ་གང་འགྲུབ་བྱས་གླང་ལོ་ནས་སྟག་ལོའི་བར་ཁམས་དགའ་སྟོད་དུ་འབུལ་སྡུད་དང༌། སྒྲུབ་པ་སྤེལ་མར་བྱས། སྟག་ལོ་ཟླ་བ་བཅུ་གཅིག་པའི་ཉེར་གཉིས་ནས་ངོར་གྱི་གདན་སའི་ཁུར་ལེན་བྱས། སྦྲུལ་ལོ་ལ་ཤར་ཆེན་སངས་རྒྱས་བསྟན་འཛིན་ལ་གདན་ས་ཕུལ། སྔ་ཕྱིར་ལམ་འབྲས་ཚར་བཅུ་གཅིག་སོང༌། དེ་ནས་ད་ལྟ་ཡན་བཤད་སྒྲུབ་སྤེལ་མའི་ཁུལ་ལགས། ཕྱིས་འབྱུང་བརྗོད་བྲལ་ཞི་བའི་དབྱིངས་སུ་ཕཊ། བདག་གིས་བྱས་བྱུང་རྣམས་བདག་རང་གིས་ཀྱང་ཅུང་ཟད་བྲིས་ལ། ཁོང་སློབ་རིས་ཚོས་ཡི་གེ་རྒྱས་པར་སྤེལ་གདའ་ལགས་སོ།། །།བདག་ཆེན་སངས་རྒྱས་བསྟན་འཛིན་ནི། རིགས་ཁྱད་པར་ཅན་བདག་ཆེན་ཤར་པའི་རིགས། ཡབ་ཞབས་དྲུང་སྲི་ཐར་ལགས་དང༌། ཡུམ་དབོན་མོ་རྒྱ་རྒན་ཟ་པདྨ་ལྷ་ལེགས་ཀྱི་སྲས་སུ་ལུག་ལོ་བཞད་ཆོས་སུ་བྱོན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན། འཇིག་རྟེན་གྱི་སྤྱོད་པ་མི་མངའ། ཁུ་བོ་བདག་ཆེན་ཡེ་ཤེས་བཟང་པོ་མཁན་པོ་དང་ཁོ་བོས་ལས་སློབ། མུས་བ་ཆོས་རྗེ་ཀུན་དགའ་རྒྱ་མཚོས་གསང་སྟོན་མཛད་པ་དགེ་འདུན་གྲངས་ཚང་པ་ལས་བསྙེན་པར་རྫོགས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་དང༌། བདག་ཅག་གིས་ཆོས་བཀའ་རྣམས་ཕུལ། སྦྲུལ་ལོ་དབྱུག་ཟླའི་ཚེས་བཅུ་ལ་ཨེ་ཝཾ་ཆོས་ཁྲིར་འཁོད། བྱ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་སྐུ་གཤེགས་སོ།། །།མཁན་ཆེན་ཤེས་བྱ་བཟང་པོ་ནི། ཤབས་