R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༥༠
[A:༥༠]དུ་གཤེགས་པ་ཡིན། སྐུ་གདུང་ཞུགས་འབུལ་ཤར་ཆེན་ཡེ་ཤེས་བཟང་པོས་མཛད། དགོངས་རྫོགས་དུས་ཇ་སོགས་ཀྱི་རྒྱུན་ད་ལྟ་ཡང་བཟང་པོ་ཡོད་པ་འདིའོ། །བླ་མ་བསྟེན་པའི་ཆེད་དུ་བརྗེ་ཐོར་བྲིས་པའོ།། །།མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ནི། ཤར་མི་ཉག་གི་ཡུལ་འདུན་པ་ཞེས་པར་རིགས་སྟག་ར་པ་ཚན་བཅུ་གཉིས་ནང་སྟག་མ། ཡབ་རྡོ་རྗེ་ཐར། ཡུམ་རྒྱ་ཟག་ཅེས་པའི་སྲས་སུ་ཤིང་བྱིར་འཁྲུངས། སྐྱེད་ཚལ་བའི་རབ་འབྱམས་པ་ཅིག་ལ་ཚེ་དབང་ཞུས་ནས་མཚན་དཀོན་མཆོག་བཀྲ་ཤིས་སུ་གསོལ། ཆུང་ངུ་ནས་བྱིས་པའི་སྤྱོད་པ་མི་མངའ། འཇིག་རྟེན་གྱི་སྤྱོད་པ་ལ་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་མངའ། བྱ་བྱེད་ཐམས་ཅད་བསྙེལ་བ་མེད། སྐུ་ཆུང་ངུ་ནས་ཡི་གེའི་ཕྱི་མོ་ནས་བརྩམས་ཏེ་འདོན་ཆོས་སྤྱོད། མངོན་རྟོགས་རྒྱན་སོགས་གཞུང་ཆེན་དུ་མ་ཐུགས་སུ་ཆུད། དགུང་ལོ་ཉེར་བཞི་པར་ཨེ་ཝཾ་དུ་རྗེ་ཤེས་རབ་འབྱུང་གནས་དང་མཇལ། སྡོམ་པ་གསུམ་བཀའ་དྲིན་ནོས། མཚན་ལྷུན་གྲུབ་དཔལ་ལྡན་དུ་གསོལ། དེ་ལྟར་ཤར་ཆེན་ཉིད་དང༌། ས་སྐྱ་ཞབས་དྲུང་ཨ་མི་ལགས་ཡབ་སྲས། མཁན་ཆེན་བསོད་ནམས་རྒྱ་མཚོ་སོགས་ལས་གསན་རྒྱ་རྒྱ་ཆེར་མཛད། དགུང་ལོ་སོ་བདུན་པར་ངོར་གྱི་དབུ་མཛད་དང་ཟུར་ཆེན་མཛད། མཁན་ཆེན་བསོད་ནམས་རྒྱ་མཚོ་གཤེགས་ནས། སྐུ་གདུང་བཞུ་བ་དུས་ཇའི་ཐེབས་སུ་མདོ་ཁམས་ཐང་དཀར་དགོན་དུ་འབུལ་སྡུད་ལ་བྱོན། གླང་ལོ་ཧོར་ཟླ་དགུ་པའི་ཚེས་བདུན་ལ་ངོར་གྱི་གདན་སར་འཁོད། སྟག་ལོའི་བར་ཕྲིན་ལས་བསྐྱངས། དེ་ནས་ཨེ་ཝཾ་ཕན་བདེ་ཁང་གསར་དུ་བཤད་སྒྲུབ་ལ་སྐུ་ཚེ་དྲིལ། དགུང་ལོ་དོན་བཞི་པར་མེ་མོ་གླང་ལོའི་ཟླ་བ་དྲུག་པའི་ཉེར་བདུན་ལ་སྐུ་གཤེགས་སོ། །རྒྱས་པར་རྗེ་འདིའི་རྣམ་ཐར་ཁོ་བོས་ལོགས་སུ་བྲིས་པར་བལྟའོ།། །།བདག་ཤཱཀྱའི་དགེ་སློང་སངས་རྒྱས་ཕུན་ཚོགས་ནི། ས་མོ་གླང་གི་ལོར་མངའ་རིས་སྨད་ཀྱི་ཏྲེ་བའི་འབྲོག་གསེབ་ཏུ་ཕ་གནམ་རུ་གཡུང་དྲུང་སྐྱབས་དང༌། མ་འ་ཕམ་བུ་འདྲེན་གྱི་བུར་སྐྱེས། ལོ་བཅུ་གསུམ་པར་སྒྲུབ་