R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 32
[A:32]ཡིན་ཞེས་པའི་ལོ་རྒྱུས་སོ་སོར་དྲིས་པས། བླ་མའི་ཞལ་ནས་ངོས་བྲོམ་སྟོན་པ་གཅིག་ལགས་བྱས་པས། དེ་གང་ན་ཡོད་གསུངས་པ་ལ། ས་སྐྱ་ན་བདོག་བྱས་པས་དེ་ན་ངའི་བླ་མ་གཅིག་ཡོད་པ་ཡིན་ཏེ་སྐུ་ནི་གཤེགས་ཚོད་འདུག་རྗེས་ན་ཇི་འདྲ་བདོག་གམ། ང་ལ་ཁྲལ་འདོད་པ་གཅིག་ཀྱང་མ་བྱུང་གསུངས་པ་ལ། དེའི་སྲས་ཀྱི་དོད་གཅིག་ངོས་ལགས་ཞུས་པས། ཁྱོད་བརྫུན་མ་ཟེར་ངའི་བླ་མ་ལ་སྲས་མེད། ཡོད་ན་སྐུ་གཤེགས་ཙ་ན་ང་ལ་བརྡ་སྤྲོད་པ་གཅིག་ཀྱང་མ་བྱུང་གསུངས་པ་ལ།
བླ་ཆེན་སྐྱེངས་ནས་གསུང་མ་ནུས་པ་ལ་གྲོགས་རྣམས་ཀྱིས་
ལོ་རྒྱུས་ཞིབ་ཏུ་བསྙད་པས་སེའི་ཞལ་ནས་མི་གསོན་གཤིན་མི་ཕྲད་ཟེར་ཏེ་ཕྲད་པའི་དུས་བྱུང་གསུངས་ནས། པང་དུ་བཞེས་སྤྱན་ཆབ་བྱུང་ནས་རྒད་པོ་གོག་པོ་འདིའི་ནང་ན་ཆོས་ཡོད་པ་ཡིན་པས། མྱུར་དུ་སྤྱོན། ཕྱིས་འོང་སྙམ་ན་སང་ཕོད་ནི་ང་འཆི་བ་ཡིན་གསུངས། དེའི་དུས་སུ་བླ་མ་ཞག་འགའ་ཞིག་བཞུགས་པའི་བར་ལ། རྗེ་སེས་ལམ་འབྲས་ཀྱི་སྤྱིའི་རྣམ་པར་གཞག་པའི་བབས་དང་། གགས་སེལ་ལ་སོགས་པའི་གདམ་ངག་གི་རྐང་གྲངས་འདི་ཡོད་ཀྱི་ཁུངས་ཐམས་ཅད་ལེགས་པར་གསུངས་སོ། །དེ་ནས་ཡར་བྱོན་ཏེ་འཁར་ཆུང་དུ་བཞུད་པར་དགོངས་པ་དང་། བླ་མའི་བྲང་གྲོགས་
ཡོན་བཙུན་ར་ཛ་དང་
སྟོན་པ་རྡོ་རྗེ་འོད་ན་རེ། ཉིད་ལ་བླ་མ་སྒྱི་ཆུ་བ་འདི་ཐུགས་ལ་ཤིན་ཏུ་འདོགས་པར་གདའ་བས། འགྲོ་བ་ཞུས་ན་ལེགས་ཟེར་བ་ལ་དེ་བདེན་སྙམ་སྟེ་བླ་མ་སྒྱི་ཆུ་བ་ལ། བདག་འཁར་ཆུང་དུ་ཡུག་གཅིག་མཆིས་བར་ཞུ་བྱས་པས་ཁྱོད་ཅི་ལ་འགྲོ་གསུངས་པ་ལ། གདམ་ངག་གཅིག་ཞུ་བ་ལགས་བྱས་པས། ཁོང་ན་རེ་ཉིད་ཐུགས་ཚོད་མ་ཆུང་དེ་ནི་སེ་ལྕེ་ལ་རེ་བྱ་བ་ངའི་