R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 43
[A:43]ཡང་བླ་མ་ཆེན་པོ་ངེས་པར་རྡོ་རྗེ་འཆང་དང་མི་གཉིས་པའི་ཐུགས་མངའ་བ་དེའི་སྐུ་གསུང་ཐུགས་ཀྱི་སྲས་
བཞི་བྱུང་། ཆེན་པོ་ཀུན་དགའ་འབའ་རེ་རྩད་ཚ་ཡིན་ཏེ་རྒྱ་གར་དུ་བྱོན། མཁས་པ་གཅིག་བྱུང་སྟེ་མུ་སྟེགས་པ་དང་རྩོད་པས་དུག་གིས་སྐུ་གཤེགས། དེ་ནས་འབྲོ་ཚ་གསུམ་ནི་སློབ་དཔོན་རིན་པོ་ཆེ་མཚན་བསོད་ནམས་རྩེ་མོ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་མི་ཐུབ་ཟླ་བའི་སྤྲུལ་པར་བཞེད། དགུང་ལོ་ཞེ་གཉིས་པ་ལ་གཤེགས། དེ་ནས་རྗེ་བཙུན་པ། དེ་ནས་ཆོས་རྗེ་པའི་ཡབ་སྨོན་ཅུང་མཚན་དཔལ་ཆེན་འོད་པོ
རྗེ་བཙུན་རིན་པོ་ཆེ་འདིས་བླ་ཆེན་དང་སློབ་དཔོན་རིན་པོ་ཆེ་པ་དང་དགེ་བའི་བཤེས་གཉེན་གཞན་དང་གཞན་ལས་ཀྱང་། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ཡན་ལག་དང་བཅས་པ་ཐམས་ཅད་གསན་ནས། ཐུགས་སུ་ཆུད་པར་མཛད་དེ། གསུང་ངག་རིན་པོ་ཆེ་འདི་ཞུ་བའི་དུས་སུ་དཀའ་བ་དཔག་ཏུ་མེད་པས་ལན་མང་དུ་གསོལ་བ་བཏབ་ཏེ། གསན་ཞིང་ཐུགས་སུ་ཆུད་པར་མཛད་ནས། སྐབས་འགའ་ཞིག་ཏུ་བསྒྲུབ་པ་ལ་སྙིང་པོར་མཛད་ནས་ཡོན་ཏན་གྱི་ཆ་དཔག་ཏུ་མེད་པ་ལ་མངའ་བརྙེས་སོ། །དུས་ཕྱིས་དཀའ་བའི་གནས་འགའ་ཞིག་མནལ་ལམ་གྱི་རྣམ་པས་རྣལ་འབྱོར་གྱི་དབང་ཕྱུག་ཉིད་ལ་ཞུས་པས། ཐེ་ཚོམ་གྱི་མདུད་པ་བྲལ་ཞིང་བླ་ཆེན་དང་སློབ་དཔོན་རིན་པོ་ཆེ་གཉིས་ལས་ཀྱང་མནལ་ལམ་དུ་ཞལ་ཡང་ཡང་མཇལ་ཞིང་དོན་འགའ་ཞིག་ཞུས་པས་གནང་སྟེ། མི་ཤེས་པའི་དྲ་བ་རྣམ་པར་བསལ་བས་ན་མི་མཚུངས་པའི་བློ་གྲོས་ཆེན་པོ་དེ། ཐུན་མོང་དུ་སློབ་མ་ལ་རྒྱལ་བའི་གསུང་རབ་འགྲེལ་པ་ཡན་ལག་དང་བཅས་པ་མན་ངག་ཏུ་བཅས་པ་ལ་འཆད་པ་དང་རྩོམ་པ་ལ་སོགས་གཞན་དོན་འབའ་ཞིག་མཛད་དེ། དགུང་ལོ་བདུན་ཅུ་བཞེས་པ་དང་དཔལ་ས་སྐྱའི་