R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༢༩༢
[A:༢༩༢] །ཆོས་ཀྱི་གྲགས་པ་ལ་སོགས་པའི་རྣམ་པར་རོལ་པ་དུ་མས་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་མུ་སྟེགས་མཐའ་དག་གི་གྲུབ་པའི་མཐའ་ཐམས་ཅད་སུན་ཕྱུང་ནས། ཡང་དག་པའི་ལྟ་བ་ལ་བཙུད་ཅིང་སའི་སྟེང་ཕལ་ཆེར་ངུར་སྨྲིག་འཛིན་པས་ཁྱབ་པར་མཛད་དེ། འཕགས་པའི་ཡུལ་དུ་རྒྱལ་བའི་བསྟན་པ་ཆེས་ཆེར་དར་བར་མཛད་དོ། །དེ་ནས་རིང་ཞིག་ནས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ། ཁ་བ་ཅན་གྱི་ལྗོངས། གངས་རི་དཔལ་དང་ལྡན་པས་བསྐོར་བ། ཆུ་གཙང་ཞིང་བསིལ་བའི་རྒྱུན་དུ་མ་འབབ་པས་ཉེ་བར་བརྒྱན་པ། འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པས་སྐྱེ་དགུ་རྣམས་ཀྱང་རང་བཞིན་གྱིས་སྙིང་རྗེ་ཆེ་ཞིང༌། སེམས་རྒྱ་ཆེན་པོ་ལ་མོས་པ་འབྱུང་བ་བོད་ཀྱི་ཡུལ་འདི་ནི་སྤྲུལ་པའི་རྒྱལ་བློན་རྣམས་ཀྱིས་ལྔ་རིག་པའི་པཎྜི་ཏ་དུ་མ་དང༌། གྲུབ་པའི་སྐྱེས་བུ་དུ་མ་སྤྱན་དྲངས་ཏེ་དམ་པའི་ཆོས་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་དེ། ལུང་དང་རིགས་པར་སྨྲ་བ་དང༌། ལེགས་པར་སྦྱར་བའི་སྐད་ཀྱིས་དམ་པའི་ཆོས་ཀྱི་ཚིག་དོན་ལེགས་པར་འབྱེད་པའི་དགེ་བའི་བཤེས་གཉེན་ཡང་མང་དུ་བྱུང་བ་ལས། ཁྱད་པར་དུ་ཡང་སད་མི་མི་བདུན་ཞེས་བྱ་བའི་ལོ་ཙཱ་བ་རྨད་དུ་བྱུང་བ་བྱུང་ཞིང༌། དེ་དག་གི་ནང་ནས་ཀྱང་ཤིན་ཏུ་མཁས་པར་གྲགས་པ། འཁོན་ཀླུའི་དབང་པོ་སྲུང་བ་ལེགས་ཞེས་བྱ་བ་བྱུང་ལ། སྐྱེས་བུ་དམ་པ་དེས་དམ་པའི་ཆོས་མང་དུ་བསྒྱུར་ཞིང་རྒྱལ་བའི་བསྟན་པ་གསལ་བར་མཛད་དོ། །དེ་ནས་བཟུང་སྟེ་དེང་སང་གི་བར་དུ་སྤྲུལ་པའི་གདུང་བརྒྱུད་རིམ་པར་བྱོན་པ་རྣམས་ཀྱང༌། མངོན་པར་ཤེས་པ་དང༌། རྫུ་འཕྲུལ་གྱིས་རྣམ་པར་རྩེན་པ་ལ་སོགས་པ་སོ་སོའི་ཡོན་ཏན་དུ་མ་དང་ལྡན་ཞིང་དམ་པའི་ཆོས་ཀྱི་ཚུལ་ཆེན་པོ་བཟུང་ནས་སེམས་ཅན་གྱི་དོན་དང༌། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པའི་ཚུལ་ཡང༌། དེ་དག་གི་རྣམ་པར་ཐར་པ་ལས་འབྱུང་ལ། ཁྱད་པར་དུ་གཙང་གི་ས་ཆ། ས་གཞི་ཁ་བ་དང༌། དུང་དང་ཀུནྡའི་