R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༢༩༣
[A:༢༩༣]མདངས་ལྟར་ཀུན་ནས་དཀར་ཞིང་གསལ་བའི་མཚན་མ་བཟང་པོ་དང༌། རིན་པོ་ཆེའི་འབྱུང་ཁུངས་དུ་མས་བརྒྱན་པ། ཆུ་ཀླུང་དྲི་མ་མེད་པ་གཡས་ནས་དལ་བུས་འབབ་པ། གྲུབ་པའི་སྐྱེས་བུ་དང༌། མཁས་པའི་སྐྱེས་བུ་དུ་མས་ཉེ་བར་བསྟེན་པ། སྐྱེ་དགུ་རྣམས་ཀྱང་རང་བཞིན་གྱིས་ཤེས་རབ་ཆེ་ཞིང་འབྱོར་པའི་མཚན་མ་དུ་མས་ཉེ་བར་བརྒྱན་པ། ཡིད་བཞིན་གྱི་མཚོ་ལྟར་ངུར་སྨྲིག་འཛིན་པའི་ངང་པའི་ཚོགས་ཀྱིས་ཀུན་ནས་གང་བ། མ་ག་དྷ་རྡོ་རྗེའི་གདན་ལྟར་མཁས་པའི་སྐྱེས་བུ་དམ་པ་དུ་མ་འབྱུང་བའི་གནས། དཔལ་ལྡན་ས་སྐྱ་ཞེས་སྙན་པའི་གྲགས་པས་ཕྱོགས་ཀྱི་ཐ་གྲུར་རྒྱས་པར་ཁྱབ་པའི་ཆོས་ཀྱི་གྲྭ་ཆེན་པོ་འདིར། ཐེག་པ་ཆེན་པོའི་ཆུ་གཏེར་འཛིན་པ་དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱལ་པོ་ཞེས་བྱ་བ་བྱུང་ངོ༌། །དེའི་སྲས་ནི་ས་སྐྱ་པ་ཆེན་པོ་ཞེས་གྲགས་ཏེ། དེ་ཡང་གཞོན་ནུ་ཉིད་ནས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་དགུང་ལོ་བཅུ་གཉིས་བཞེས་པའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ལ་སོགས་པ་ཡི་དམ་དུ་མས་ཞལ་གཟིགས་ཤིང༌། མངོན་པར་ཤེས་པ་དང་ལྡན་པས་སྐུའི་བཀོད་པ་དུ་མར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་དང༌། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ནས་བསྟན་པའི་བྱ་བ་ཇི་ལྟར་མཛད་པ་ལ་སོགས་པ་ཡང་དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་འབྱུང་ངོ༌། །དེའི་སྲས་ཀྱི་ཐུ་བོ་ནི་རིན་པོ་ཆེ་བསོད་ནམས་རྩེ་མོ་ཞེས་བྱ་བ་ཡིན་ལ། སྐྱེས་བུ་དམ་པ་འདི་ནི། རང་བཞིན་གྱིས་དུལ་བ་དང༌། སྡོམ་པ་དང༌། ཚངས་པར་སྤྱོད་པ་དང༌། དམ་པའི་ཆོས་ཉན་པ་ལ་དགའ་ཞིང་སྤྲོ་བས་གཞུང་ལུགས་དུ་མའི་ཕ་རོལ་ཏུ་སོན་ཡང༌། མང་དུ་ཐོས་པ་ལ་ངོམ་པ་མེད་པས་གདན་ས་ཡང་གཅུང་ལ་གཏད་ནས། །བདག་ཉིད་ཐོས་པ་དང༌། གཞན་གྱི་དོན་ལ་བརྩོན་པས་གཤེགས་པར་གྱུར་ཏོ། །དེའི་གཅུང་ནི་རྗེ་བཙུན་གྲགས་པ་རྒྱལ་མཚན་ཞེས་བྱ་བ་ཡིན་ཏེ་གཞོན་ནུ་ཉིད་ནས་རིག་པ་འཛིན་པའི་སྡེ་སྣོད་མཐའ་དག་ཁོང་དུ་ཆུད་ཅིང༌། དགུང་ལོ་བཅུ་གཉིས་