[A:༣༤༢]རྟོག་བཟང་བ་ཅིག་ཡོད་ཅིང༌། ཆོས་བར་གཞན་ལ་ཡང་ཕོག་པས་ཕལ་པ་མི་སྐྱེ། འགའ་རེ་ལ་སྐྱེས་པ་དེ་རྣམས་ལ་ཚེ་འདི་དང་བདག་འཛིན་ཐེངས་ངེས་པ་རེ་འོང་གིན་འདུག་པས། བླ་མའི་ཐུགས་ལ་ཡང་རྟེན་འབྲེལ་གྱིས་སྒོམ་འདི་ཕན་ཆེ་བ་ཅིག་འདུག་པས། ཞུ་དགོས་བསམ་པ་ཡང་ཡང་བྱུང་བ་ལ་སྐབས་བདེ་བ་མ་བྱུང༌། ལན་ཅིག་གྲྭ་པ་བྱིང་པོ་ས་སྐྱར་ཆོས་འཁོར་ལ་སོང་བའི་དུས་སུ། དཔོན་སློབ་ཉུང་བ་ཅིག་ལ། སྒོམ་འདི་སྐྱེས་ན་བློ་སྐྱེད་ཐོན་པར་གདའ་བས། བདག་ཀྱང་ཞུ་བས་ཐུགས་ལ་འདོགས་དགོས་ཞུས་པས། སྐྱེ་དཀའ་བར་འདུག་བདག་འཛིན་ཅིག་གཏོང་ན་འདི་དགོས་གསུངས། ནན་གྱིས་ཞུས་པས་གནང༌། རྩོལ་བ་དྲག་པོས་བསྒོམས་པས་ཞག་བདུན་ནས་སྐྱེས། དེ་རྗེས་གྲྭ་པ་དང༌། མི་གསེབ་ཏུ་སྡོད་པའི་བློ་སྐད་ཅིག་ཀྱང་མེད། མི་མེད་ལུང་སྟོང་དུ་སྒོམ་སྒྲུབ་རྩེ་གཅིག་ཏུ་བྱེད་པར་འདོད་པས་ཀྱང༌། དཔོན་སློབ་རྣམས་ཀྱིས་མ་གནང་བས་ལོ་གཅིག་གྲྭ་སར་ལུས། དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་ཡུལ་ཕྱོགས་ཀྱི་རི་མིའི་འགྲུལ་མེད་པ་ཅིག་ཏུ་འབྲེལ་པ་དང་ཡང་མ་འཕྲད། བརྒྱགས་ཀྱང་མ་རེས། ན་ཤི་ལ་མ་བལྟས་པར་བསོད་སྙོམས་ལ་ཡང་མ་ཕྱིན། འབྲེལ་མེད་ཀྱི་ནས་ཁལ་རེ་ཙམ་སྟེར་བ་བྱུང་བ་ཟོས། དཀའ་ཐུབ་གཙོ་ཆེར་བྱས། དེ་ཡང་ར་མོ་ཤག་ལ་བྱས་གསུངས། ནས་ཁལ་གཅིག་གིས་ལོ་གཅིག་ཐུབ་པ་ཡང་བྱས་གསུངས། ཐུགས་དམ་གྱི་གཙོ་བོར་རྟེན་འབྲེལ། ཞི་བྱེད་སོ་ལུགས། གཅོད་སྐོར། བྱ་ཆའི་རིམ་པ་དོན་ཞགས་ལྷ་ལྔ་ལ་སོགས་པ། དགུང་ལོ་བཞི་བཅུ་ཡར་བརྒལ་ཙམ་བཞུགས་པ་འདྲ། དུས་ཕྱིས་ལམ་འབྲས་ཀྱང་ཚོགས་སྒོམ་རིན་པོ་ཆེ
འི་སྙན་པ་གསན།
སྒྱེར་ཕུར་བྱོན་ནས་བདེ་དགྱེས་ལ་སོགས་དབང་བཀའ་ལམ་འབྲས་དང་བཅས་པ། གདམས་ངག་ཁྲིད་དབང་བཀའ་བྱིན་རླབས་ཆ་ལག་དང་བཅས་པ་ཡང་མང་དུ་ཞུས་ཤིང་ཐུགས་ཉམས་སུ་བཞེས་ནས། རིན་པོ་ཆེ་བས་ཐུགས་ཀྱི་སྲས་སུ་འཛིན། ཀུན་གྱིས་སྒྲུབ་ཚུགས་དང་ཉམས་ལེན་བཟང་བ། སུ་དང་ཀུན་སྤྱོད་མི་བསྟུན་