R28: ཉན་ཆེན་བསོད་ནམས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༤༣
[A:༣༤༣]པས་ཀུན་གཞི་གྱོང་པོར་བྱེད། ཆོས་ཞུ་དུས་མ་གཏོགས་པ། མི་དང་མ་འཕྲད་པར་ཐུགས་དམ་རྐྱང་པ་བྱེད། རིན་པོ་ཆེ་པ་སྐུ་མ་གཤེགས་པར་བཀའ་ལུང་ཕལ་ཆེར་ཕྱག་བཞེས་དང་བཅས་པ་ཞུས་ཤིང་སྒྱེར་ཕུ་ཁོ་ནར་བཞུགས། སྐུ་གཤེགས་ནས་གདན་སའི་ཁུར་བབ་པར་མཁྱེན་ནས་སུ་ལ་ཡང་གྲོས་མེད་དུ་སྔར་གྱི་རི་ཁྲོད་དུ་བྱོན་ནས་འཁོར་མ་བསྐྱངས། དབེན་པ་མཛད་པས་ལོ་མང་དུ་དབེན་པ་འཕེལ་བར་བྱུང་གསུངས། དུས་ཕྱིསཉན་པོ་གོང་མར་དཔོན་སློབ་རེས་གཉིས་རེས་གསུམ་བྱས་པ་ལོ་ཤས་མཛད་ནས། རེ་རེ་གཉིས་གཉིས་མི་བརྟེན་ཁ་མེད་བྱུང༌། ཉམས་སུ་ལོངས་པ། ཕན་ཐོགས་པ་འགའ་རེ་བྱུང་བས་ཕྱིས་ཉན་པོ་གོང་མ་བཟུང་ནས་ཚོགས་པ་བརྒྱ་ལྷག་རེ་འདུས། སྟོན་དཔྱིད་གཞན་བྲེལ་དུས་བསྟན་པ་སྤྱིའི་རིམ་གྲོ་ལ་དམིགས་ནས་སྒྲུབ་མཆོད་དང༌། སྤྱིན་སྲེག །སཱཙྪ། གཏོར་མ། ཆོས་འདོན། སྨན་བླ། མདོ་སྒྲུབ་པ་ལ་སོགས་ཚོགས་པའི་ཆོས་སྤྱོད་ཅི་འགྲུབ་རེ་མཛད། དེ་ལས་གཞན་དུ་མཚམས་ལས་གཡེང་བ་བྱ་ས་མེད་པས་ཚོགས་པའི་ཆོས་ཁྲིམས་ཤིན་ཏུ་དམ། དེའི་སྟོབས་ཀྱིས་དབུ་མཛད་དང༌། བགྲེས་པོ་དང༌། གང་ཟག་རྟོག་པ་ཅན་ངོ་མཚར་བ་ཡང་མང་དུ་བཞུགས། ཐག་རིང་གི་ཆོས་ཞུ་རྣམས་ལ་ཡང༌། གནས་ཚང༌། གོས་སྟན། བདག་པོ་ལ་གང་ཡོད། ནང་པ་ལ་ནས་དང༌། ཆུ་རྡོར། རྔོད་འཐག་ཚུན་ཆོད་བྱས་ནས་སྤྲོད་པ། དགེ་སྦྱོང་རྐྱང་པ་ལ་བཞུགས་པས་ཆོག་པས་རྣམ་ཐར་གཙང༌། གཞན་ཡང་བླ་མ་དམ་པ་དེ་དབང་གདམས་ངག་རྒྱ་ཆེ་ལ་རྣམ་པར་དག་པ་མང་དུ་མངའ་བར་འདུག་ན་ཡང༌། བདག་ཅག་བླ་མ་བསྟེན་ཡུན་ཐུང་བས་ཞིབ་པར་མ་མཆིས། སྐུའི་སྤྱོད་པ་སོ་སོར་ཐར་པའི་བསླབ་བྱ་འདུལ་བ་ལས། ཇི་ལྟར་བཤད་པའི་བསླབ་བྱ་རྒྱུ་ཚོགས་དང་བཅས་པ་མཁྱེན་ཅིང་ཉེས་ལྟུང་ཕྲ་བས་ཀྱང་མ་གོས་པ་ཐ་ན་སྦྱིན་ལེན། བཏུང་ཆུ། སྔ་ཆབ། ཕྱི་ཆབ་ཇི་ལྟ་བ་བཞིན་དུ་ཚོགས་པ་བྱིང་གིས་ཕྱག་ལེན་ལ་ཐེབ་པས་ཀུན་སྤྱོད་གཙང༌། ཁྱད་པར་བླ་མ་དམ་པ་ཉིད་དུས་རྒྱུན་དུ་སྟན་གཅིག་པའི་