R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༦༠
[A:༣༦༠]ཆོ་གས་ལེགས་པར་བླངས། །སྨོན་འཇུག་སྤྱི་དང་སོ་སོ་ཡི། །བསྒྲུབ་དང་སྤང་བྱའི་བསླབ་བྱ་རྣམས། །བསླབ་བྱ་གནང་བཀག་ལེགས་པར་ཤེས། །ཤེས་ལ་སྲུང་བས་མ་ཁྱབ་ནའང༌། །བདག་རྒྱུད་སྟེང་དུ་ཁྱབ་པ་གྲུབ། །རྒྱལ་སྲས་སྡོམ་ལྡན་བདག་བློ་བདེ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །སྔགས་འཆང་རཏྣ་སིདྷ་ཡི། །མཚན་ཉིད་ལྡན་པའི་བླ་མ་ལ། །དབང་ཐོབ་རྒྱུད་ཉན་གདམས་ངག་ཞུས། །རྩ་ལྟུང་ཡན་ལག་བཅས་པའི་གཞུང༌། །བླ་མའི་མན་ངག་དང་བཅས་ཉན། །དབང་དང་དམ་ཚིགས་ཡང་ཡང་བླངས། །རྡོ་རྗེ་ཐེག་པའི་སྡོམ་པ་ལ། །གནང་འགྱོད་མེད་པའི་བློ་བདེ་ཡོད། །གཞན་ཡང་བསྟན་པའི་སྒོར་ཞུགས་ནས། །ཉིན་མཚན་འཚོ་དང་བྱང་ཆུབ་དུས། །རིང་ཐུང་གསུམ་ལས་སྒོ་གསུམ་ལས། །མི་དགེ་བཏང་སྙོམས་མི་ལུས་ཤིང༌། །ཁྱད་པར་དུས་ཐུང་ཉིན་ཞག་གཅིག །ཉིན་མཚན་དུས་དྲུག་ཐོས་བསམ་བསྒོམས། །ལྟ་བས་ཟིན་པའི་སྤྱོད་ལམ་ལ། །བར་ཆད་མེད་པའི་དུས་ཕལ་ཆེར། །དེ་ཉིད་འཁོར་བས་དགེ་རྒྱུན་བརྟན། །རང་གི་ཉེས་སྐྱོན་ཡང་ཡང་བསམ། །ཕ་རོལ་ཡོན་ཏན་སྣ་རེ་ལའང༌། །གང་འདུག་ཆ་ནས་དག་སྣང་སྦྱངས། །ཡི་རང་སྐྱོན་གྱི་ཆ་ལ་བསམ། །མཐོ་དམན་མཉམ་པ་གང་ལ་ཡང༌། །ཡོན་ཏན་ཆ་ནས་བསྟོད་པ་ལས། །ཕྲག་དོག་འགྲན་དང་སྨད་པ་སྤངས། །ལ་ལ་མན་ངག་གཅིག་ཆོག་ཟེར། །བདག་གིས་མན་ངག་ཟབ་དགུ་ཞུས། །ལ་ལ་ཉམས་ལེན་མང་དུ་བྱེད། །བདག་གིས་ཉམས་ལེན་གཅིག་ལ་དྲིལ། །ལ་ལ་བར་ཆད་ཆེན་པོ་སྒྲུབ། །ཆུང་ལ་བྲོས་དང་སྤྲོད་ཐབས་བྱེད། །བདག་གིས་བར་ཆད་ཆེ་ལ་བྲོས། །ཆུང་ལ་བསྲེས་ཤིང་ལམ་དུ་ཁྱེར། །ཕལ་ཆེར་ཚེ་འདིའི་ཆེ་ཐབས་སྒྲུབ། །ཕལ་ཆེར་བསྟོད་པ་མཐོན་པོར་འདོད། །བདག་གིས་འགྲོ་ས་མཐོ་བ་བདམ། །ལ་ལ་རྣམ་གཡེང་སྐུ་བསོད་འདོད། །མིས་མ་མཐོང་ནང་གི་ཉམས་ལེན་འདི། །སྤྲང་པོ་བདག་གིས་བསོད་ཆེན་དུ་འདོད། །ཆོས་བྱས་པས་ལུས་སེམས་ཆེར་སྡུག་པ། །ཕལ་གྱིས་གེགས་ཡིན་འོ་བརྒྱལ་ཟེར། །བདག་སྔར་