R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༥༩
[A:༣༥༩]བཏུབ་པ་འགའ་རེ་དང༌། །གཞན་གྱི་མིག་འདྲེན་བསྟན་རྒྱུན་ཅུང་ཟད་བྱུང༌། །བདག་དང་ལྷན་ཅིག་སྤྱོད་ཚེ་སུ་ཡིན་ཀྱང༌། །ཐོས་བསམ་བསྒོམ་དང་གཏོར་མ་བྱ་ཆ་ལས། །སྐད་ཅིག་བཏང་སྙོམས་བྱ་སྐབས་མེད་པས་ན། །དེས་ན་ཤངས་དང་སྣར་ཐང་ས་སྐྱའི་བར། །ཕྱི་ནང་ཀུན་དུ་ཆོས་སྤྱོད་པ་ཞེས་གྲགས། །འདི་ཡང་གཞན་ཕན་ཕྲིན་ལས་སྐོར་ཅིག་ཡིན། །དེ་ནས་བླ་མ་བསྟེན་ཞིང་དབང་དང་གདམས་ངག་ཞུས། །སློབ་གྲོགས་མ་བསྟེན་གཅིག་ཚུགས་གཙོར་བཟུང་བའི། །ཉམས་ལེན་ཆིག་དྲིལ་ལོ་བཅུ་ལྷག་ཅིག་བྱས། །གཞན་དོན་མ་གྲུབ་ཉམས་བོགས་ཆེ་བར་བྱུང༌། །དེ་རྗེས་ལོ་དགུ་ལུང་རིགས་འཆད་པ་དང༌། །དབུས་གཙང་ཁམས་གསུམ་མཁས་པ་ཚོགས་པའི་གྲར། །ལུང་རིགས་གཏན་འབེབས་འགལ་འབྲེལ་རྩོད་པ་ཡིས། །གྲ་སའི་སྐྱོང་རན་གཞན་ཕན་གཟུགས་བརྙན་བགྱིས། །དེ་ནས་འཆད་ཉན་དོར་ནས་ལུང་སྟོང་དུ། །རྩེ་གཅིག་བསྒྲུབ་མོད་སྔོན་གྱི་སྨོན་ལམ་གྱིས། །སྦྲེལ་བས་དབུས་གཙང་ཁམས་གསུམ་དགེ་བའི་བཤེས། །སྡོམ་བརྩོན་སྡེ་སྣོད་འཛིན་པ་མང་པོ་ལ། །དབང་དང་བྱིན་རླབས་ཉམས་ཁྲིད་བཀའ་ལུང་གིས། །ཕན་བཏགས་གདགས་པ་གཞན་དོན་བྱེ་བྲག་གོ། །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདུལ་འཛིན་མིང་བཏགས་རིན་ཆེན་སེང་གེ་ང༌། །རབ་བྱུང་བསྙེན་རྫོགས་ཁྲིམས་ནོས་ནས། །འདུལ་ལུང་སྡེ་བཞི་མདོ་རྩ་དང༌། །དཀར་ཤ་ལ་སོགས་འདུལ་གཞུང་རྣམས། །དམིགས་རྣམས་ཕྱེད་བསླབས་ཁྱད་པར་དུ། །གཏན་ཁྲིམས་ཉིས་བརྒྱ་ང་གསུམ་པོ། །ཡང་ཡང་བསྔོ་བགྲང་ཉེས་མེད་ཅིང༌། །ཉེས་ལྟུང་གོས་སྲིད་རང་ནོངས་ཀྱི། །ཆོ་གས་ཕྱིར་བཅོས་རྣམ་དག་འདི། །འབྲལ་མེད་ཡོད་པས་ཞེ་བློ་བདེ། །བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐེག་ཆེན་སྨོན་འཇུག་སེམས་བསྐྱེད་ཀྱི། །དབུ་མ་སྙིང་པོ་སྐལ་བ་བཟང༌། །བསླབ་བཏུས་སྤྱོད་འཇུག་ལ་སོགས་ནང༌། །རྣམ་སྣང་མངོན་པར་བྱང་ཆུབ་ནང༌། །བྱང་ས་སྡོམ་པ་ཉི་ཤུ་སོགས། །དབུ་མ་སེམས་ཙམ་ལུགས་གཉིས་པོ། །རང་རང་