R31: རྒྱལ་བ་བྲག་ཕུག་པའི་རྣམ་ཐར།

  • Pagination (Witness A): ༣༧༡
[A:༣༧༡]པ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ ས་གཙོ་བྱས་པའི་ཆོས་སྡེ་རྣམས་སུ་ཡང༌། དགེ་འདུན་གྱི་བསྙེན་བཀུར་བ་དང༌། འབུལ་བ་ཆེན་པོ་རྣམས་བསྒྲུབས་པ་དང༌། དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ཀྱི་ཡང་རེ་བ་ཡིད་བཞིན་དུ་བསྐང་ཞིང༌། མདོར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གམ། བསྡུ་བའི་དངོས་པོ་བཞིས་འགྲོ་བ་དཔག་ཏུ་མེད་པ་ཕན་བདེ་མཆོག་ལ་འགོད་པར་མཛད་དོ། །དགུང་ལོ་བཞི་བཅུ་ཞེ་གསུམ་བཞེས་པ་ན་ཟབ་མོའི་ལམ་ལ་རྩེ་གཅིག་ཏུ་བརྩོན་པས་ས་རླུང་སྟོབས་འཕེལ་བའི་ཉམས་སྐུ་ལུས་ལྕི་བ་ལ་སོགས་པ་ཅུང་ཟད་དུབ་པའི་ཚེ། རྗེ་བཙུན་རྣལ་འབྱོར་དབང་ཕྱུག་ས་སྐྱ་པ་ཆེན་པོ་བྱོན་ནས། ལམ་དུ་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་གྱིས་འབད་རྩོལ་དང་དཀའ་སྤྱད་མི་དགོས་པར་འཆི་བའི་དུས་སུ་རྟགས་དང་བཅས་ཏེ་གྲུབ་མཐའ་སྙེགས་པར་འགྱུར་ཞེས་ལུང་སྟོན་པ་ཡང་མཛད། ཕྱི་ནས་ཀྱང་སྐབས་འགའ་རེར་མཇལ་གསུངས་སོ། །དེ་ནས་དུས་ཐམས་ཅད་དུ་སྲིད་ཞི་མཉམ་ཉིད་ཀྱི་སྒོ་ནས་གཞན་གྱི་བདེ་སྡུག་དངོས་སུ་བརྗེ་ནུས་པ་ལ་སོགས་པའི་ཐུགས་རྗེ་ཚད་མེད་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་གཟིགས་ཤིང༌། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་བས། ཁམས་འདུས་པ་གསུམ་གྱི་ཉམས་རྟོགས་ཐམས་ཅད་མཐར་ཕྱིན་ནས། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྣང་བ་ཆེར་རྒྱས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་སྐྱེས་མཆོག་རྣམས་ཀྱིས་གཙོ་མཛད་གངས་རིའི་ཁྲོད་ཀྱི་ཡོངས་འཛིན་དམ་པ་མང་པོའི་གཙུག་གི་ནོར་བུ་གྱུར་ཅིག་ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པ་དམ་པ་མཛད་དོ། །རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཡང་བཀའ་བསྒོ་ཁྱད་པར་ཅན་དང༌། དགུ་གཏོར་ལ་སོགས་པའི་དུས་སུ་ཡང་མངོན་སུམ་དུ་གཟིགས་ཤིང་ཕྲིན་ལས་སྒྲུབ་པོ། །ཡང་དགུང་ལོ་བདུན་ཅུ་བཞེས་པ་ན། གཞན་སྣང་དུ་ཞབས་ཅུང་ཟད་བསྙུང་བའི་ཚུལ་བསྟན་ཅིང་