[A:༣༧༠]ཕུག་ཏུ། དགུང་ལོ་སུམ་ཅུ་སོ་བརྒྱད་པ་ལ་བཞུགས། ཕྱི་ནང་གི་འདུ་འཛི་དང༌། རྣམ་གཡེང་མཐའ་དག་སྤངས་ནས་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་བརྟན་པོ་མཛད་པ་ན། ཐུགས་དམ་གྱི་རིམ་པ་ནི་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངང་ནས་ཐུགས་དམ་གྱི་ལྷ་མང་པོའི་སྒོམ་བཟླས་ཆག་མེད། རྩ་རླུང་ཐིག་ལེའི་རྣལ་འབྱོར། རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་དབང་བཞིའི་ལམ་ཅིག་ཅར་དུ་ཉམས་སུ་བླང་བའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ལ་ཉིན་མཚན་ཁོར་ཡུག་ཏུ་གཡེལ་བ་སྐད་ཅིག་ཀྱང་མི་མངའ་ཞིང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་གང་ལ་གང་འདུལ་གྱིས་གདུལ་བྱ་རྣམས་ལ་དངོས་དང་བརྒྱུད་པས་སྨིན་གྲོལ་ལ་འགོད་པར་མཛད་པ་དང༌། སྟོན་དཔྱིད་ལ་སོགས་པ་ཐུན་མཚམས་རྣམས་སུ་བདེ་དགྱེས། རྗེ་བཙུན་མ་སྒྲོལ་མ། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་འཇིག་བྱེད་ལ་སོགས་པའི་དཀྱིལ་འཁོར་སྒྲུབ་མཆོད་བརྒྱ་ཚར་མང་པོ་དང༌། ཕྱག་ཏུ་འབུལ་བ་བྱུང་ཚད་ཀྱིས་གསུང་རབ་ལ་བརྒྱ་ཚར་རེ་མཛད། མཚན་བརྗོད། ཚེ་དཔག་མེད། གཙུག་ཏོར་རྣམས་འབུམ་ཐེར་མང་པོ་དང༌། སྒྲོལ་མ་འབུམ་ཐེར་སུམ་ཅུ་སོ་ལྔ། རྒྱུད་གསུམ། ཡུམ་རྒྱས་འབྲིང་བསྡུས་པ། དཀོན་མཆོག་བརྩེགས་པ་བརྒྱ་ཚར་མང་པོ། །གཞན་ཡང་ལོ་རེ་ལ་རྒྱུད་གསུམ་དང༌། མདོ་སྡེ་ལ་སོགས་པ་རྒྱལ་བའི་བཀའ་རབ་འབྱམས་ཀྱི་གསུང་སྒྲོགས་པ་དང༌། སཱཙྪ་འབུམ་ཐེར། བླ་མ་གོང་མའི་ཟླ་མཆོད། དུས་མཆོད། དཀོན་མཆོག་གི་མཆོད་པ་རྒྱ་ཆེན་པོ་རྣམས་ལ་ཤིན་ཏུ་བརྩོན་པར་མཛད་ཅིང་གཞན་དད་པ་ཅན་གྱིས་ཕུལ་བའི་ཡོ་བྱད་རྣམས་ཀྱང་ཡོངས་སུ་མི་འཛིན་པར་ལྷ་སར་ཇོ་བོ་ཤཱཀྱའི་དྲུང་དུ་སྔ་ཕྱིར་གསེར་ཞོ་བརྒྱ་འབུལ་གསུམ། བོ་དོང་ཇོ་བོའི་དྲུང་དུ་བརྒྱ་འབུལ་གཅིག །གཞན་རྟེན་ཁྱད་པར་ཅན་དུ་གྲགས་པ་དུ་མ་དང༌། བླ་མ་གོང་མའི་རྟེན་གསུམ་རྣམས་ཀྱི་དྲུང་དུ་མར་མེ། ན་བཟའ། བླ་རེ་ལ་སོགས་པའི་མཆོད་པ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་