[A:༣༧༢]ཤིན་ཏུ་དབེན་པར་བཞུགས་པའི་ཚེ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དང༌། ཀྱེ་རྡོ་རྗེ་དང༌། སྟོན་པའི་གཙོ་བོ་ལ་སོགས་པའི་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། བླ་མ་བརྒྱུད་པ་རྣམས་དངོས་སུ་བྱོན། འཇིག་རྟེན་གྱི་དགེ་ལེགས་དང༌། རྗེ་པ་ཉིད་ཀྱི་རྣམ་པར་ཐར་པ་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་བ་རྣམས་ཞུས་པ་བཞིན་ལུང་བསྟན་པ་ཐོབ། དེ་དུས་ན་དག་པའི་ཞིང་དུ་མཁའ་འགྲོ་མ་རྣམས་ཀྱིས་སྤྱན་འདྲེན་པ་ལ། ད་རུང་དགེ་སྦྱོང་གི་བྲེ་ཁ་རེ་ཙམ་འགེངས་པ་ལ་འདིར་བསྡད་པ་ཁྱབ་ཆེ་བར་འདུག་གསུངས་ཏེ། ཕྱི་ནང་གི་རྟེན་འབྲེལ་གྱི་གནད་མཁྱེན་པས་སོ། །ཡང་སྐབས་ཤིག་ན། གཟིམས་ཁང་གི་སྟེང་ན་སྐུ་འཆག་པའི་ཚེ། རྗེ་པ་ཉིད་ཀྱི་སྐུའི་རིམ་གྲོ་ལ་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་གྱི་བུམ་པའི་ནང་དུ་བཅོམ་ལྡན་འདས་རྣམ་པར་རྒྱལ་མ་སྐུ་ལས་ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཟེར་འཕྲོ་བ་གཟིགས་ཤིང༌། སེམས་ཅན་གྱི་དོན་ལ་བསྙེལ་བར་མ་གྱུར་ཏམ་ཞེས་དབུགས་དབྱུང་བ་ཡང་མཛད་དོ། །རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་དམ་ཚིག་ལ་གནས་པ་ཀུན་ལ་ཉེ་བར་དགོངས་ནས་བདུད་རྩི་རིལ་བུའི་སྒྲུབ་པ་ལན་གཉིས་མཛད་པའི་སྔ་མ་ལ་ཡང་དྲི་ཞིམ་པོས་རྒྱང་རིང་པོར་ཁྱབ་པ་ལ་སོགས་པ་བྱུང་ཞིང༌། ཕྱི་མ་བསྒྲུབ་པར་བཞེད་པ་ན། ལོ་གཅིག་ཙམ་གྱི་གོང་དུ། རྗེ་བཙུན་ས་སྐྱ་པ་ཆེན་པོས་འདི་མྱུར་དུ་སྒྲུབས། མ་བསྒྲུབས་ན་བདུད་རྩི་རིལ་བུའི་བཀའ་ཆད་པར་འདུག་གོ་ཞེས་གསུངས་པས། བརྩོན་པ་ཆེར་མཛད་དེ། གསེར་སྲང་གསུམ་ཙམ་གྱི་སྨན་དང༌། བླ་མ་གོང་མའི་བདུད་རྩིའི་རིལ་བུའི་རྒྱུན་བཟང་པོ་དང་བཅས་ནས། དགེ་སློང་རྡོ་རྗེ་འཛིན་པ་སུམ་ཅུ་ཙམ་གྱིས་ཞབས་ཏོག་བྱས་ཏེ་བསྒྲུབས་པས། མནལ་ལམ་དུ་དམ་ཚིག་གི་རྫས་ལ་མཁའ་འགྲོས་བསྐོར་བ་བྱེད་པ་ལ་སོགས་པ་བྱུང་ཞིང༌། ཕྱི་རབས་ཀྱི་སྔགས་འཆང་རྣམས་ལ་ཕན་པའི་རྒྱུན་ཆེན་པོ་ཡང་མཛད། རྗེ་བཙུན་དམ་པའི་སློབ་མ་གྲུབ་ཐོབ་དར་བརྩོན་སྐྱེ་བདུན་ཡིན་ཟེར་ཞིང༌། པུར་གྱི་ཤ་ཕྱག་ཏུ་འབུལ་བ་བྱུང་བ་ལ་