R31: རྒྱལ་བ་བྲག་ཕུག་པའི་རྣམ་ཐར།

  • Pagination (Witness A): ༣༧༣
[A:༣༧༣]དཀོན་མཆོག་ལ་གསོལ་བ་བཏབ་པས་མཁའ་སྤྱོད་དུ་འགྲོའམ་བདེ་བ་ཅན་དུ་འགྲོ་ཞེས་པ་ལ་སོགས་པ་ཡིན་ངེས་པའི་ལྟས་བྱུང་བས་རིལ་བུར་བསྒྲུབས་ཏེ་ལུས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་མཛད་དོ། །ཡང་སྐབས་ཤིག་ཏུ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་གསེར་གྱི་ལྷུན་པོ་ལྟར་འབར་བ་གཟིགས་ཏེ། གསོལ་པ་བཏབ་པས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་ལུང་བསྟན་པ་ཡང་ཐོབ་བོ། །དེ་ནས་བདེ་བར་གཤེགས་ཁར་འཇའ་དང་འོད་དང་རོལ་མོའི་སྒྲ་ལ་སོགས་པ་རིག་པ་འཛིན་པའི་བསུ་བ་རྣམས་ཀྱང་བྱུང་ཞིང༌། ཕྱི་དྲོ་ཞིག་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མ་ལྷ་དགུ་བྱོན་ནས། ད་ནི་ཁྱོད་ཀྱི་ཚེ་དང་གདུལ་བྱའི་ཚད་དེ་ཙམ་ཡིན་པས་བདེ་བ་ཅན་དུ་འགྲོ་བའི་དུས་ལ་བབ་ཅེས་གསུང་ཞིང༌། མནལ་ལམ་དུ་ཡང་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་གི་རྣམ་པར་འཕྲུལ་པ་དང༌། ཁྱད་པར་རྒྱ་ཆེན་པོ་གཟིགས་ཤིང༌། རི་བོ་གུས་པའི་རྩེ་ནས་ནུབ་ཕྱོགས་སུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ལྷའི་ལམ་རྣམ་པར་དག་པའི་གཡས་གཡོན་ན། ལྷའི་ཚོགས་དཔག་ཏུ་མེད་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཐོགས་ནས། རྗེ་པ་ཉིད་བདེ་བ་ཅན་དུ་སྤྱན་འདྲེན་པ་ཡིན་ཟེར་ཞིང༌། ཆོས་རྗེ་ཉིད་ཀྱང་གཤེགས་པའི་དུས་ལ་བབ་པར་དགོངས་ནས་ཆོས་གོས་གསུམ་དང༌། རྡོ་རྗེ་འཛིན་པ་མི་འབྲལ་བའི་དམ་ཚིག་གིས་ཡོ་བྱད་ཁ་ཚང་པ་ཙམ་ཅིག་མ་གཏོགས་པ། རྟེན་མཆོད། ན་བཟའ་ཕྱག་རྫས་ལ་སོགས་པ་ཡོངས་སུ་བཟུང་བ་མེད་པར་སྤོང་ཐག་མཛད་དེ། དགུང་ལོ་བདུན་ཅུ་དོན་བཞི། ལྕགས་ཕོ་སྟག་གི་ལོ་དབྱར་ཟླ་འབྲིང་བོ་ཆུ་སྟོད་ཀྱི་ཟླ་བའི་ཉི་ཤུ་བརྒྱད་ཀྱི་སྲོད་ཀྱི་ཆ་ལ་འཇའ་འོད་མེ་ཏོག་གི་ཆར། རོལ་མོའི་སྒྲ་དང༌། ལྷ་བསུང་གིས་ཀུན་དུ་ཁྱབ་པ་ལ་སོགས་པ་ཁྱད་པར་གྱི་ལྟས་དུ་མ་དང་བཅས་ཏེ་ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན་དུ་གཤེགས་སོ། །འོན་ཀྱང་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དབྱེར་མེད་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སོ་སོའི་བསམ་པ་དང་ཁམས་དང༌།