R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༣
[A:༥༠༣]བའི་བཤེས་གཉེན་མང་པོ་ལ་གསུངས་པས། ཐམས་ཅད་ལ་ཡང་ཐུགས་སྐྱེད་ཆེན་པོ་བྱུང་ལ། ཁྱད་པར་དུ་ཡང་ཆོས་རྗེ་འདི་ཉིད་དེ་དུས་གསན་མཁན་རྣམས་ཀྱི་ནང་ནས། སྐུ་ན་གཞོན་ཤོས་ཡིན་ཀྱང༌། ལྷག་པར་ཐུགས་བསྐྱེད་ཆེ་ཞིང་ཚིག་དོན་ཐམས་ཅད་ལ་ཕུལ་དུ་ཕྱིན་པར་ཐག་ཆོད་པ་ཡིན་ནོ། །རྗེའི་ཞལ་སྔ་ནས་ཀྱང་གོང་མའི་གསུང་རབ་ཀྱི་དཔེ་ཆའི་རྩད་གཅོད་ལ་ཐུགས་རྩོལ་ལེགས་པོ་མཛད་ནས། དཔེ་ཆ་འགའ་རེ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ལ་ཡང་གཟིགས་པ་ཕུལ། ཆོས་རྗེ་པ་རང་གིས་གཟིགས་རྟོག་མཐར་ཕྱིན་པར་མཛད་པས་གོང་མའི་གསུང་རབ་ཀྱི་དགོངས་པ་དཔྱིས་ཕྱིན་པར་ཐུགས་སུ་ཆུད་དེ། བླ་མ་གོང་མ་རྣམས་ཀྱི་གྲུབ་མཐའ་དང༌། གསུང་རབ་ཀྱི་རྣམ་གྲངས་རྣམས་ཤིན་ཏུ་ཕྲ་མོ་ཚུན་ཆད་ཀྱང་ཐུགས་ལ་འཛིན་པར་བཞུགས་པ་ཡིན་ནོ། །ཡང་སྐབས་ཤིག་ཏུ་ཆོས་ལྡན་སེང་གེ་བྱ་བ་རབ་བྱུང་གི་ཆ་ལུགས་ལ་སྤྱོད་པ་ཁྲོབ་སེ་བྱས་པ་ཅིག་ཡོད་པའི་གོས་ཀྱི་མཐའ་སྐུ་ལུས་ལ་ཕོག་པའི་རྐྱེན་བྱས་ནས། ཐུགས་མནལ་དུ་མི་ཕེབས་པ་སྡུག་བསྔལ་ཆེན་པོ་དང་བཅས་པའི་ཁམས་འདུས་དྲག་པོ་ཅིག་བྱུང་བ་ལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ཡང་དགོན་ན་བཞུགས་པའི་དྲུང་དུ། རྗེ་བཙུན་སྒྲོལ་མ་ལྷ་བཅུ་བདུན་མའི་དབང་ཅིག་ཞུས་པས། ཁམས་འདུས་པ་དེ་ལས་གྲོལ་ནས་སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ལ་ཐོས་བསམ་མཐར་ཕྱིན་པར་བྱས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་དགོས་པའི་ཐུགས་ཀྱི་གོ་ཆ་ཆེན་པོ་དང༌། ཐོས་བསམ་ལ་སོགས་པ་བྱེད་པ་ལ་དཀའ་ཚེགས་ཅི་ཡང་མེད་སྙམ་པའི་ཐུགས་ལ་གདེངས་ཆེན་པོ་ཡང་འཁྲུངས་ཏེ། བླ་བྲང་ཤར་ན་བཞུགས་པའི་ཕྱག་དཔེ་མདོ་སྡེ་ལ་ཆོས་རྗེ་ས་པཎ་གྱིས་མཆན་བཏབ་པ་ལ་སོགས་པ་པུ་སྟི་དྲུག་བརྒྱ་བརྒྱད་ཅུ་ལྷག་ཙམ་ལ་གཟིགས་རྟོག་ལེགས་པར་མཛད། སྒོ་རུམ་གྱི་ཕྱག་དཔེ་རྣམས་ལ་གཟིགས་རྟོག་མཛད་པར་དགོངས་པའི་ཚེ། གཞི་ཐོག་ཏུ་བདག་ཆེན་ཀུན་རིན་པའི་དྲུང་དུ་བྱོན་པས། དེ་ན་དཔེ་ཆ་ཟང་ཟིང་