R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༥
[A:༥༠༥]པའི་ལུགས་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བཞིའི་དབང༌། སཾ་པུ་ཊ་ནས་གསུངས་པའི་ཀྱེ་རྡོར་ལྷ་བཅུ་བདུན་མ། སཾ་པུ་ཊ་རྡོར་དབྱིངས། གུར་རིགས་བསྡུས་རྔོག་ལུགས། བདེ་མཆོག་འཁྲུལ་སྤོང༌། བདེ་མཆོག་རྡོ་རྗེ་མཁའ་འགྲོ། །མཁའ་འགྲོ་རྒྱ་མཚོ། བདེ་མཆོག་སྡོམ་འབྱུང༌། སངས་རྒྱས་མཉམ་སྦྱོར་རིགས་བསྡུས། མཉམ་སྦྱོར་རྡོ་རྗེ་སེམས་དཔའ། རྡོ་རྗེ་གདན་བཞིའི་ཡབ་བཀའ། ཡུམ་བཀའ། གདན་བཞིའི་དཀྱིལ་ཆོག་རྒྱས་པ། མ་ཧཱ་མཱ་ཡ། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་མ། ལྷ་དགུ་མ། མི་གཡོ་བླ་མེད་ལྷ་དགུ་མ། ལྷ་བཅུ་གསུམ་མ། སྒྲོལ་མ་ལྷ་བཅུ་བདུན་མ། མཆོག་གི་སྒྲོལ་མ། གུར་མགོན་ལྷ་བཅུ་བདུན་མ། དུས་འཁོར་ཆོས་དབྱིངས་གསུང་དབང༌། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས། རྣམ་སྣང་མངོན་བྱང༌། མི་འཁྲུགས་པ་ལྷ་དགུ་མ་རྣམས་ཀྱི་དབང་གསན། དབང་དེ་རྣམས་དང་འབྲེལ་བའི་སྒྲུབ་དཀྱིལ་ལ་སོགས་པའི་རྒྱ་གཞུང་དང༌། བོད་ཀྱི་ཡིག་ཆ་རྣམས་ཀྱང་གསན་ནོ། །གཞན་ཡང་རྗེས་གནང་དང༌། སྒྲུབ་ཐབས་ལ་སོགས་པ་མཐའ་ཡས་པ་དང༌། ཨུ་རྒྱན་བསྙེན་སྒྲུབ་ཀྱི་སྐོར། བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་ཚང་མ། རྒྱུད་འབུམ་ཡོངས་སུ་རྫོགས་པ། མདོ་སྡེ་ཡོངས་སུ་རྫོགས་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་མདོའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དང༌། བསླབ་པ་ཀུན་ལས་བཏུས། སྤྱོད་འཇུག །མདོ་སྡེ་རྒྱན། རྒྱུད་བླ་མ། མངོན་པ་ཀུན་ལས་བཏུས་རྣམས་ས་བཟང་བའི་ཊཱི་ཀའི་སྟེང་ནས་གསན། ཡང་བྱང་ཆུབ་གཞུང་ལམ། མ་ཏི་པཎ་ཆེན་གྱི་བཀའ་འབུམ་ལ་སོགས་པ་མང་དུ་གསན་ནོ། །སླར་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་ཞྭ་ལུ་པའི་ཆོས་སྐོར་བུ་སྟོན་རིན་པོ་ཆེས་མཛད་པ་ཕྲ་མོ་ཡན་ཆད་ཀྱང་མ་ལུས་པར་ཡོངས་སུ་རྫོགས་པར་གསན་ཞིང༌། ཡོན་ཏན་ཐམས་ཅད་བུམ་པ་གང་བྱོར་གྱུར་པ་ཡིན་ནོ། །ཡང་དེ་ལྟ་བུའི་སྐབས་ཤིག་ཏུ། སྔར་གྱི་ལྟ་བུའི་ཁམས་འདུས་ཤིག་བྱུང་བ་ལ། ཆོས་རྗེ་འཕགས་པའི་དྲུང་དུ་རྡོ་རྗེ་ཕྲེང་བ་ལ་སོགས་པའི་